ཐོབ་རྒྱལ།
གཡས་རུ་བྱང་ལང་འགྲོ་འམ་ཐོབ་རྒྱལ་ཁུལ་དུ་བསྐྱོད་པའི་གནས་མཇལ་ཟིན་ཐོ།
原创: 白云 羊兄乐园 4月8日
གཡས་རུ་བྱང་ལང་འགྲོ་འམ་ཐོབ་རྒྱལ་ཁུལ་དུ་བསྐྱོད་པའི་གནས་མཇལ་ཟིན་ཐོ།
སྤྲིན་དཀར།
ཞོགས་པ་ཆུ་ཚོད་ལྔ་པ་ཡོལ་ཙམ་ལ་ལྷ་ས་ནས་ཐོན། ལམ་འགྲམ་གློག་གཞུའི་འོད་མདངས་འོག་ཏུ་གླ་བྱེད་རླངས་འཁོར་རེ་ཟུང་ལས་མེད་པས་གཞུང་ལམ་ནི་ཉིན་མོ་ལས་ཡོངས་སུ་ལྡོག་སྟེ་རྒྱ་ཆེ་ལ་གུ་ཡངས་པ་ཞིག་ཏུ་གྱུར། ལམ་འགྲམ་དག་ལ་རླངས་འཁོར་ཆེ་ཆུང་མང་པོ་རང་སར་བཞག་པ་དག་ནི་ཉིན་མོའི་རྒྱུགས་ཡས་མང་དྲགས་པའི་ངལ་དུབ་ཀྱིས་མནར་ནས་ངལ་གསོ་བ་ལྟར་སྣང་། ལྷ་གོང་མགྱོགས་ལམ་བརྒྱུད་ཀ་ལ་བྲག་ཕུག་འགྲམ་ནས་ཆུ་ཤུར་རྫོང་ཕྱོགས་སུ་ལྷ་གཞིས་གཞུང་ལམ་ཟིན་ནས་བསྐྱོད། ཟླ་བའི་འོད་ཞགས་དཀར་པོས་རི་ཀླུང་ཡོངས་གསལ་བར་བྱས་ཀྱང་རི་ཁུག་གི་གྲོང་ཚོ་དག་ནི་དབེན་པའི་མཚན་མོ་འདིར་ཡོངས་སུ་གཉིད་འདུག །སྙེ་མོའི་ཐོན་ཁུལ་དུ་འབྱོར་སྐབས་སྐྱ་རེངས་བྱེད་པོས་ས་གཞི་ཆེན་པོའི་མུན་པའི་མལ་གོས་ཡོངས་སུ་བཤུས་པས་རི་འདབས་ཀྱི་གྲོང་ཚོའི་དུད་ཁྱིམ་འགའ་རེའི་སྟེང་ནས་དུ་བའི་དམུ་ཐག་ཞིག་མཁའ་དབྱིངས་སུ་འཁྱུད་བཞིན་འདུག །ལྷ་ས་དང་གཞིས་རྩེའི་མཚམས་ནས་གཞིས་རྩེའི་ཁོངས་སུ་འགྲོ་བའི་འགྲོ་ལུགས་བརྒྱུད་རྗེས་ཁུ་ལུང་འདབས་སུ་འབྱོར་དུས་རི་རྩེར་ཉི་ཟེར་གྱི་གསེར་ཞྭ་བསྒྲོན་པས་ན་རོང་གི་ལུང་ཤུར་འདི་ཉིད་རི་མོ་མཁས་པའི་པིར་རྩེས་བསྐྲུན་པའི་མཛེས་རིས་ཞིག་དང་འདྲ། སྟག་གྲུ་ཁའི་ཟམ་པ་དོན་ནས་གཙང་པོའི་བྱང་ངོས་ས་ལམ་དཀྱུས་མའི་ཐོག་ནས་ཕྱིན། ཡར་ཙམ་འབྱོར་རྗེས་གླང་ལུང་གྲོང་ཚོ་ཞེས་འཁོད་པའི་ལྕགས་བྱང་བཙུགས་པའི་ལུང་ཤུར་ཞིག་བརྒྱུད་རྗེས་བྱེ་མའི་རི་དང་བྱེ་མའི་ཕུང་པོ་ཆེ་ཆུང་དུ་མའི་ཐོག་རླུང་ཆེན་བརྒྱབ་ཤུལ་གྱི་ཆུ་མོའི་རླབས་རིས་ལྟར་གྱི་རི་མོ་མང་པོ་དོད་པ་དག་བཞག་ནས་ཐོབ་རྒྱལ་མདའ་རུ་སླེབས། ཡུལ་འདི་ནི་ཤར་འུ་ཡུག །ལྷོ་ལྷན། ནུབ་རྩེ་གདོང་། བྱང་རྣམ་གླིང་དང་ས་འབྲེལ་ཞིང་དེང་སྐབས་སྲིད་འཛིན་ས་ཁོངས་གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་ཁོངས་སུ་གནས།
དེ་ཡང་རྒྱལ་དབང་ལྔ་པ་ཆེན་པོས། དྲེགས་པའི་རྒྱལ་པོ་མང་པོའི་ཆོ་ལོ་ཡིས། །ཡུལ་གང་དབང་དུ་བསྡུས་ལ་སྔོན་རོལ་ནས། །ལྷ་ཆེན་ཚངས་པ་ལི་བྱིན་ཧ་ར་ཡིས། །གང་ཞིག་ཐོབ་ཅིང་རྒྱལ་བའི་སྙན་གྲགས་ནི། །བླ་མཐོར་སྒྲགས་ལ་ཐོབ་རྒྱལ་ཡུལ་གྲུར་གྲགས། །ཞེས་དང་། ཡུལ་འདིར་རྡོ་བརྐོས་ཡི་གེ་ཞིག་གི་སྟེང་དུ། ཡུལ་གྱི་མཆོག་གྱུར་ཐོབ་རྒྱལ་ཞེས་པ་རུ། །ཕུ་རུ་ལང་འགྲོ་དཀོན་མཆོག་འབྱུང་ལྡན་དང་། །བར་དུ་སྟག་ལོ་ལ་སོགས་ལོ་པཎ་དུ་མ་འཁྲུངས། །མདའ་རུ་ཆོས་གྲ་ཆེན་པོ་རབ་རྒྱས་གླིང་། །ཞེས་བསྔགས་པའི་ཡུལ་གྲུ་འདི་ཉིད་ལ་གངས་ཅན་བོད་ཀྱི་ལོ་རྒྱུས་ཐོག་མིང་དུ་གྲགས་པའི་མཁས་པའི་དབང་པོ་ཇི་སྙེད་ཅིག་འཁྲུངས་པ་ནི། ལང་གྲོ་དགོན་མཆོག་འབྱུང་གནས་ལངས་འགྲོ་གྲོང་ཚོར་འཁྲུངས། མར་པ་ལོཙྪ་བའི་དངོས་སློབ་གཙང་རོང་མེས་སྟོན་ཚོན་པོ་འདི་ཉིད་ཐོབ་རྒྱལ་ལྷ་རི་སྒང་དུ་འཁྲུངས་པར་བཞེད་ཀྱང་ཏ་ར་ན་ཐའི་༼ཉང་ཆོས་འབྱུང་༽ནང་ཉང་སྟོད་སྟག་ཚལ་དང་། ༼གཙང་རིན་སྤུངས་ཁུལ་གྱི་དགོན་སྡེ་དང་གནའ་ཤུལ་གྲགས་ཅན་མི་སྣ་སོགས་ཀྱི་ལོ་རྒྱུས་རགས་བསྡུས་༽ཞེས་པའི་ནང་རྒྱལ་མཁར་ཆོས་རྫོང་བའི་ལྷ་མོ་བ་བགྲེས་སོང་ཚེ་རིང་ལགས་ཀྱི་གསུང་རྒྱུན་ལུང་དྲངས་ནས་རྒྱལ་མཁར་ཕུའི་བདེ་ཆེན་གླིང་དུ་འཁྲུངས་ཤིང་མཁར་ཤུལ་ཡང་ད་ལྟ་མཇལ་རྒྱུ་ཡོད་ཅེས་དང་། ད་དུང་རྒྱལ་མཁར་ལྷ་མོའི་རྒྱ་ལུའི་རྣམ་ཐར་མཆོད་བསྟོད་ནང་དུ། གཙང་རོང་འཁྲུངས་པ་བདེ་ཆེན་གླིང་། །མེས་སྟོན་ཚོན་པོའི་ཞབས་ལ་གསོལ་བ་འདེབས། །ཞེས་སོགས་སྒྲུབ་བྱེད་མང་དུ་དྲངས་འདུག་པས་དཔྱད། ལོ་ཆེན་སྐྱབས་མཆོག་དཔལ་བཟང་ཐོབ་རྒྱལ་ལྗོན་དུ་འཁྲུངས། འབྲོམ་སྟོན་སེང་གེ་རྒྱལ་མཚན་ཐོབ་རྒྱལ་ལྗོན་གྱི་ལུང་ལག་མདོ་ལ་འཁྲུངས། རྒྱལ་བ་འཇམ་དཔལ་རྒྱ་མཚོ་ཐོབ་རྒྱལ་ལྷ་རི་སྒང་ལ་འཁྲུངས། པན་ཆེན་བློ་བཟང་ཡེ་ཤེས། པན་ཆེན་བསྟན་པའི་དབང་ཕྱུག་བཅས་ཐོབ་རྒྱལ་བྲུལ་ཚང་དུ་འཁྲུངས། ཁྲི་ཐོག་དོན་གཉིས་པ་འཇམ་དཔལ་ཚུལ་ཁྲིམས་མཁའ་ལུང་དུ་འཁྲུངས། ཀུ་ལུང་པ་སངས་རྒྱས་སེང་གེ་ཐོབ་རྒྱལ་དུ་འཁྲུངས། ཁྲི་ཐོག་གྱ་དྲུག་པ་བློ་བཟང་རྒྱལ་མཚན་ཐོབ་རྒྱལ་དུ་འཁྲུངས། རྒྱ་བོད་ཡིག་ཚང་ཆེན་མོ་མཛད་མཁན་དཔོན་ཡིག་དཔལ་འབྱོར་བཟང་པོ་སྟག་ཚང་རྫོང་ཁར་འཁྲུངས། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ལང་གྲོ་ཁང་དམར་རམ་སྟག་ཚང་གྲོང་ཚོར་འཁྲུངས།
དེ་བཞིན་ཡུལ་འདིར་སྐྱེ་བོའི་བསོད་ནམས་བསགས་སའི་གཞིར་གྱུར་པའི་ཆོས་སྡེ་ནི་མར་པ་ལོ་ཙཱ་བའི་དངོས་སློབ་ཀ་ཆེན་བཞིའི་ནང་ཚན་གཙང་རོང་མེས་སྟོན་ཚོན་པོས་བཏབ་པའི་གནས་གཞི་བ་དོ་དགོན་འམ་གནས་གཞི་ཁྲི་སྟན། མར་པ་ལོ་ཙཱ་བ་བྱོན་ནས་རབ་གནས་རྟེན་དང་བརྟེན་པར་བཅས་པར་རབ་གནས་གནང་། དེ་རྗེས་པན་ཆེན་བློ་བཟང་ཆོས་རྒྱན་དུས་ཧོར་དམག་གི་འཇིགས་པ་ལས་ཐར་བའི་ཆེད་དགེ་དགོན་དུ་བསྒྱུར་བས་མཚན་ལ་བདེ་ཆེན་རབ་རྒྱས་ཞེས་ཞུ། དེ་ནས་དགོན་འདིའི་མཁན་པོ་དང་པོ་འཇིགས་བྱེད་བླ་བརྒྱུད་ནང་ཡོད་པའི་རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་བྱོན། བཀྲ་ཤིས་ལྷུན་པོའི་སྔགས་ཁང་གི་ཕྱག་བཞེད་ཇི་བཞིན་དུ་བསྐྱངས། སྤྱན་གསལ་དགོན་ནི་རྒྱལ་དབང་ཐུབ་བསྟན་རྒྱ་མཚོས་ཕྱག་བཏབ། ༡༣༨༠ལོ་ཆེན་སྐྱབས་མཆོག་དཔལ་བས་གཙང་གི་ཆོས་འཁོར་སྒང་ཕྱག་བཏབ། དངུལ་ཆུ་ཐོགས་མེད་བཟང་པོས་ཕྱག་བཏབ་པའི་བསམ་གཏན་ཆོས་སྡིངས་དགོན། ཁྱུང་པོ་རྣལ་འབྱོར་གྱིས་ཕྱག་བཏབ་པའི་བདེ་ཆེན་རི་ཁྲོད། གནས་འདིར་པན་ཆེན་བདུན་པ་བསྟན་པའི་ཉི་མས་ཐུབ་པ་དམ་ཚིག་གསུམ་བཀོད་ཀྱི་མཚམས་ལ་བཞུགས་པའི་ཕྱིས་ནས་དམ་ཚིག་སྒྲུབ་གནས་ཞེས་མཚན་ཆགས། པན་ཆེན་འབྲོང་རྩེ་བ་བློ་བཟང་ཚུལ་ཁྲིམས་མཚམས་ལ་བཞུགས་གནས་བྲག་སྐྱ་སེང་གེ་ཕུག །སྣར་བྱང་ཆུབ་རྒྱལ་མཚན་གྱི་བྲག་ནག་ཐུབ་བསྟན་རབ་རྒྱས་གླིང་། འུ་ཡུག་ཟམ་ཙེའི་དགོན་པ། ཕྱག་བཏབ། སྐྱོར་མོ་ལུང་དགོན་ཕྱག་བཏབ་མཁན་སྦལ་ཏི་དགྲ་བཅོམ་དང་འདི་གཉིས་གང་ཟག་གཅིག་ཡིན་པར་གསུངས་འདུག་པས་དཔྱད། དེའི་ཕུར་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་ཕྱག་བཏབ་པའི་སྨན་རི་དགོན། འུག་ཚང་རི་ཁྲོད་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྒྲུབ་ཕུག་དང་དེའི་གཤམ་དུ་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་རྟ་མགྲིན་སྒྲུབ་ནས་དབུ་གཙུག་ནས་རྟ་སྐད་བཏོན་སའི་སྒྲུབ་ཁང་། སློབ་དཔོན་པད་མའི་སྒྲུབ་གནས་ཟབ་ལུང་དགོན་བཅས་ཡོད།
དེ་བཞིན་ཆུ་བོ་པཀྵུའི་འགྲམ་བྱེ་མ་གཡུ་ཡི་ཟུར་ཕུད་ཅན་ནས་ཐུགས་རྗེ་ཆེན་པོའི་རང་བྱོན་ཕེབས་པ་ད་ལྟ་ཞ་ལུའི་རྟེན་གཙོར་བཞུགས་པ་དེ་ལགས། ཁ་ལུང་ནང་པའི་རྟེན་གཙོ་སྒྲོལ་མ་གསུང་བྱོན་ཞིག་བྱོན་པ་ཕྱིས་བདེ་ཆེན་རབ་བརྟན་རྟེན་གཙོར་བཞུགས་ཀྱང་དུས་འགྱུར་སྐབས་འཕྲིན་ལས་ཀྱི་མཇུག་རྫོགས། ཐོབ་རྒྱལ་མདའ་རུ་པཎ་ཆེན་སྨྲྀ་ཏིར་ཞལ་གཟིགས་ནས་རང་བྱོན་དུ་ཕེབས་པའི་ཇོ་བོ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ། ད་ལྟ་གྲོང་ཚོའི་མ་ཎི་ལྷ་ཁང་གི་རྟེན་གཙོར་བཞུགས་ཡོད།
ངེད་ཚོ་ཐོབ་རྒྱལ་གྲོང་ཚོར་འབྱོར་རྗེས་ཐད་ཀར་བདེ་ཆེན་རབ་བརྟན་དགོན་པར་བཅར། དགོན་པའི་ཕྱག་དཔེའི་དགེ་རྒན་ཞིག་གི་ཕེབས་རོགས་དང་ལམ་སྟོན་འོག་ལང་འགྲོ་ཕུ་རུ་ཡོད་པའི་སྟག་ཚང་རྫོང་ཁར་བཅར། ས་རྡོའི་ལམ་འབར་འབུར་མང་ལ་བགྲོད་དཀའ་བའི་ཐོག་ཆུ་ཚོད་གཅིག་ལྷག་ཙམ་ཕྱིན་པས་ལངས་འགྲོ་གྲོང་ཚོ་ཞེས་པ་ཞིག་གི་ནུབ་ངོས་རི་ལྡེབས་རྩེར་གྱང་ཤུལ་ཞིག་མངོན་པ་དེ་དཔོན་ཡིག་དཔལ་འབྱོར་བཟང་པོས་རྒྱ་བོད་ཡིག་ཚངས་མཁས་པ་དགའ་བྱེད་བརྩམས་སའི་སྟག་སྣ་དོན་གྲུབ་རྩེའམ་སྟག་ཚང་རྫོང་ཁ་རེད། ཁང་བཟང་གི་ཕྲེང་བས་རི་བོའི་ངོས་ཀུན་གཡོགས་པའི་རྩིག་ཤུལ་གང་སར་གསལ། རི་བོའི་རྩེ་མོར་གྱང་ཤུལ་ཐོག་སོ་གཅིག་ལྷག་ཙམ་ལོ་ཟླའི་ཆར་རླུང་གི་ཁྲོད་འགྱིང་ངེར་གནས་པ་ནི། སྐྱེས་པའི་མི་ཕོ་རྣོན་པོའི་མཚོན་རྩེར་དྲངས། བརྩིགས་པའི་ཕ་མཁར་མེ་ལ་བསྲེགས། བསགས་པའི་རྒྱུ་ནོར་ནོམ་ལ་འཁྱེར་བའི་ཧོར་དམག་གི་བྱས་ཉེས་ཕྱི་རབས་པ་རྣམས་ལ་ཤོད་ཕྱིར་སྡུག་བསྲན་གྱིས་ལངས་པ་དང་འདྲ། རྫོང་ཁ་འདིར་ལོ་ཆེན་སྐྱབས་མཆོག་དཔལ་བ། ལོ་ཙཱ་བ་དོན་བཟང་བ། ཆོས་རྗེ་རེད་མདའ་བ། མཁན་ཆེན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རྒྱལ་བ་བློ་བཟང་གྲགས་པ་བཅས་གདན་འཛོམས་ཏེ་གཉུག་མར་གནས་པ་དང་ཕྱོགས་ནས་བྱོན་པའི་འདུས་པ་སྟོང་ཕྲག་བརྒལ་བར་ལོ་ཆེན་སྐྱབས་མཆོག་བརྟག་གཉིས། ལོ་ཆེན་གྲགས་པ་རྒྱལ་མཚན་པས་ཕར་ཕྱིན། རྗེ་བཙུན་རེད་མདའ་བས་ཁོང་གིས་མཛད་པའི་རྣམ་འགྲེལ་རྒྱན་གྱི་འགྲེལ་བཤད་ཆེན་མོ། དེ་བཞིན་མཁས་མཆོག་ངང་པའི་དེད་དཔོན་རྣམས་ཀྱི་དམ་པའི་ཆོས་ཀྱི་དཀའ་གནད་ལས་བརྩམས་པའི་འབེལ་གཏམ་མགྲིན་པའི་སྒྲ་དབྱངས་སྒྲོག་པས་ཐུབ་བསྟན་པདྨོའི་ཚལ་ཡང་སྐལ་བཟང་ཉིད་དུ་བྱས་མྱོང་ཞིང་། སྙིགས་དུས་ཀྱི་བྱང་ཆུབ་སེམས་དཔའ་ཞེས་མཁས་བླུན་ཀུན་ལ་གྲགས་པའི་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་ཞབས་སེན་རེ་ཁས་མཛེས་མྱོང་། དེ་ལྟ་བུའི་རྔམས་བརྗིད་ཕྱུག་གསུམ་འཛོམས་པའི་སྟག་ཚང་རྫོང་ཁ་དེ་ཉིད་ད་ཆ་གྱང་ཤུལ་ཙམ་ཡང་ཞིབ་པར་བཙལ་དགོས་པའི་མི་རྟག་པའི་ངང་ཚུལ་དེར་ལང་འགྲོའི་དུད་ཁྱིམ་སྟེང་གི་དར་ལྕོག་དག་ཀྱང་མགོ་བོ་དུད་དེ་མྱ་ངན་བྱེད་པ་དང་མཚུངས། ངེད་ཚོ་རྫོང་མཁར་འགྲམ་གྱི་གཡང་གཟར་བྲག་ངོས་སུ་ཆགས་པའི་གྱང་ཤུལ་ནང་འཛུལ། ཡུལ་དེའི་ལུག་རྫི་རྒད་པོ་ཞིག་གི་ཕུ་བྲག་ཐོག་དང་མདའ་གཙང་པོ་ཞེས་སྔ་མ་ཡུལ་དེར་གྲགས་པ་ཆེ་བའི་དུད་ཚང་ཞིག་ཡིན་སྐོར་དང་། ད་དུང་རྫོང་མཁར་ལ་འཛེགས་ན་བྲག་གསེང་ལ་ཡུལ་མིས་རླུང་རྟ་བཙུགས་པར་འགྲོ་སའི་བྲག་ལམ་ཕྲ་མོ་ཞིག་ཡོད། རི་བོའི་རྫོང་མཁར་དེར་སྔ་མོ་རི་སྟེང་ཆུ་མིག་ནས་ཆུ་འཁྲིད་པའི་ཤུལ་སོགས་ཡོད་སྐོར་བརྗོད། འོག་ལ་མཛོད་ཁང་དང་སྟེང་དུ་ཚོམས་དང་གཟིམ་ཆུང་སོགས་གསལ་བར་ངོས་ཟིན་རྒྱུ་ཡོད་པའི་གྱང་གོག་དེའི་ནང་ལང་འགྲོའི་སྦྱིན་བདག་ཨ་མས་གནང་བའི་གསོལ་ཇ་ཞིམ་པོ་དེར་ལོངས་སྤྱད་ཞོར་བདེ་ཆེན་རབ་རྒྱས་ཀྱི་སྐུ་ཞབས་ལགས་ཀྱི་ཡུལ་དེ་དང་འབྲེལ་བའི་གནས་བཤད་དང་གཏམ་རྒྱུད་ཤོད་སྲོལ་དག་ལ་ཉན། སྟག་ཚང་རྫོང་ཁའི་རྒྱབ་ངོས་དེར་མཁས་གྲུབ་ཁྱུང་པོ་ལྷས་པས་ཕྱག་བཏབ་པའི་སྒྲུབ་གནས་ཞེས་པ་དེ་འདུག །དེང་སྐབས་བདེ་ཆེན་རབ་རྒྱས་པའི་སྐུ་ཞབས་དག་མཚམས་ལ་བཞུགས་སའི་སྤྱིལ་བུ་རེ་གཉིས་ཡོད་པར་བཤད། གནས་དེ་རི་བོའི་རྩེ་མོར་ཆགས་པ་དང་ལམ་ཐག་ཤིན་ཏུ་རིང་བས་རྒྱང་མཇལ་ཞུས། རི་བོ་དེ་མགོན་པོའི་བླ་རི་ཡིན་ཟེར་སྲོལ་དང་། རི་འདབས་སུ་ལོ་ངོ་བཞི་བརྒྱ་ལྷག་ཕྱིན་མེད་དམ་སྙམ་པའི་སྦྱར་སྡོང་ཞིག་ཀྱང་འདུག །
མར་ལམ་ཆོས་འཁོར་སྒང་ལ་ཕྱིན། ཤ་རུ་གྲོང་ཚོའི་གསེང་ནས་ཡར་ཙམ་རི་ངོས་སུ་འཛེགས་རྗེས་གླང་ཆེན་ཐལ་དཀར་འཕྲེད་ལ་ཉལ་བ་ལྟ་བུའི་རི་ཆུང་ཞིག་གི་རྩེ་མོར་ཁང་ཆུང་ཞིག་རྒྱང་ནས་མཇལ། ས་དབྱིབས་རྒྱབ་རི་དར་དཀར་བྲེས་པ་ལྟ་བུ་མདུན་དུ་ལང་འགྲོའི་ཕུ་ཆུ་གཡུ་འབྲུག་སྔོན་མོའི་ཟོལ་གྱི་རྒྱུ་བ། གཡས་གཡོན་གཉིས་སུ་ཆུ་ཕྲན་ལྷུང་ལྷུང་དུ་བབས་པས་དབེན་པར་དགྱེས་པའི་རྣལ་འབྱོར་པ་ལ་མི་རྟག་པའི་ཆོས་སྒྲ་སྟོན་པ། སེ་བ་སོགས་ཤིང་སྣའི་དཀྱིལ་ནས་བྱིའུ་ཆུང་སྣ་ཚོགས་གྲེ་འགྱུར་འགྲན་ནས་དམ་ཆོས་ཚུལ་བཞིན་དུ་སྒྲུབ་པའི་བསོད་ནམས་ཀྱི་ཞིང་མཆོག་འདུས་པའི་སྡེ་རིན་པོ་ཆེར་སྙན་དབྱངས་ཀྱི་མཆོད་པ་འབུལ་བ་དང་མཚུངས་པ་བཅས་དབེན་པའི་གནས་ངོ་མཚར་བ་ཞིག་རེད། གནས་འདིར་ལོ་ཆེན་སྐྱབས་མཆོག་དཔལ་བཟང་གིས་ལྕགས་ཕོ་རྟ་སྤྱི་ལོ་༡༣༩༠་ལོར་འགྲམ་གཏིང་། དེ་རྗེས་རྩེ་གདོང་བླ་བྲང་ནང་སོས་བདག་རྐྱེན་ཞུས་ཏེ་འབྲོམ་སྟོན་སེང་གེ་རྒྱལ་མཚན་གྱིས་སྔ་རྗེས་སུ་གཟིམ་ཁང་ཤར། གཟིམ་ཁང་ནུབ། གཙུག་ལག་ཁང་ཀ་བ་དོན་བཅུ་དོན་ལྔ་པའི་དབུས་སུ་དྲི་གཙང་ཁང་ཀ་བ་དྲུག་གིས་བཏེགས་པ། གཡས་སུ་ཐུབ་པ་ཆེན་པོ་གནས་བརྟན་བཅུ་དྲུག་གིས་བསྐོར་བའི་ལྷ་ཁང་ཀ་བ་དྲུག །མགོན་ཁང་ཀ་བ་དྲུག །ལོ་ཆེན་སྐྱབས་མཆོག་དཔལ་བཟང་དགོངས་རྫོགས་ཀྱི་ནང་རྟེན་ཇོ་བོའི་སྐུ་ཚད་ཅན་གྱི་རྡོ་རྗེ་འཆང་གི་གསེར་སྐུ་རྒྱབ་ཡོལ་དང་བཅས་པ། སྤྱི་ལོ་༡༤༡༢ལོར་ཕྱི་རྟེན་བྱང་ཆུབ་མཆོད་རྟེན་ཁྲི་ལ་ཕྱག་འདོམ་ལྔའི་ཞེང་དང་། འཕང་དུ་ཁྲུ་དྲུག་ཅུ་པ། ཆར་ཁེབས་གྱོ་མོ་དང་བཅས་པ་གཟི་འོད་འབར་བ། སྔོན་ཆད་གཡས་རུ་བྱང་གི་ཕྱོགས་འདིར་མཐོང་མི་མྱོང་བས་ཀུན་གྱི་མིག་གི་བདུད་རྩིར་གྱུར་པ་དང་། དེ་རྗེས་སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱིས་བཞེངས་པའི་འབྲོམ་སྟོན་སེང་གེ་རྒྱལ་མཚན་གྱི་དགོངས་རྫོགས་ཕྱི་རྟེན་བྱང་ཆུབ་མཆོད་རྟེན། གཟིམ་ཁང་བདེ་བ་ཅན་ཀ་བ་ཉེར་གཅིག །སྦུག་ཏུ་ལྷ་ཁང་ཀ་བ་དྲུག་ལྡན་གཉིས། ནང་དུ་སྟོན་པ་ཐུབ་པའི་དབང་པོ་དང་གནས་བརྟན་བཅུ་དྲུག་སོགས་སངས་རྒྱས་བྱང་སེམས་སྐུ་བརྙན། ཁྱད་པར་འབྲོམ་སྟོན་སེང་གེ་རྒྱལ་མཚན་གྱི་ཞལ་འདྲ་བྱོན་ལེགས་མི་ཚད་མ། དཔལ་གསང་བ་འདུས་པ་ལྷ་སོ་གཉིས་ཀྱི་བློས་བསླངས་དཀྱིལ་འཁོར་གསེར་ཟངས་ལས་གྲུབ་པ་བཅས་བཞེངས། སྟག་ཚང་ལོ་ཙཱ་བའི་དུས་གོང་གསལ་ལྷ་ཁང་དང་ཕྱི་རྟེན་ཁག །གཟིམ་ཁང་ཤར་མ་སོགས་ལ་ཉམས་གསོ་རྒྱ་ཆེར་གནང་། པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མཛད་རྣམ་འགོར་ལོ་ཆེན་སྐྱབས་མཆོག་དཔལ་བཟང་། རྗེ་བཙུན་རེད་མདའ་བ་དང་། སྣར་ཐང་ལོ་ཙཱ་བ་དོན་རིན། རྗེ་བཙུན་ཙོང་ཁ་བ་བཅས་གདན་འཛོམས་ནས་གཉུག་མར་གནས་པ་དང་ཕྱོགས་ནས་འདུས་པ་དག་ལ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཆོས་འཁོར་སྒང་འདིར་ཡིན་པར་གསུངས་འདུག །སྟག་ཚང་བ་ལོ་ཙཱ་བ་དགུང་ལོ་ཉི་ཤུར་སོན་ཚེ་གནས་འདིར། འབྲོམ་སྟོན་རིན་པོ་ཆེའི་རྣམ་འཕྲུལ་མཁན་རིན་པོ་ཆེ་སེང་གེ་རྒྱལ་མཚན་དཔལ་བཟང་པོས་མཁན་པོ་མཛད། འུག་ཚང་རིན་པོ་ཆེ་ཚུལ་ཁྲིམས་དཔལ་བཟང་པོས་སློབ་དཔོན་མཛད། སློབ་དཔོན་རིན་པོ་ཆེ་གྲགས་བཟང་པས་དུས་གོ་བ་མཛད་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཚན་ལ་ཤེས་རབ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། འདིར་རྩོམ་པ་ལ་ཡང་ལོ་ཆེན་སྐྱབས་མཆོག་དཔལ་བས་དབུ་མ་རྩ་བ་ཤེས་རབ་ཀྱི་ཊི་ཀ་མཛད་པ་དང་། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་གྲུབ་མཐའ་ཀུན་ཤེས་རྩ་འགྲེལ། རིག་གནས་ཀུན་ཤེས་རྩ་འགྲེལ། འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་སྒྲུབ་ཐབས་ཀུན་བཟང་ཞིང་གི་རྣམ་བཤད། གྲོལ་ཐིག་རྣམ་བཤད་བདེ་ཆེན་ཀུན་གསལ། འབྲོམ་སྟོན་སེང་གེ་རྒྱལ་མཚན་གྱི་རྣམ་ཐར། སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གྱི་རྣམ་ཐར། རྗེ་བཙུན་ཙོང་ཁ་པའི་ངང་ཚུལ་ཅུང་ཟད་བརྗོད་པ། སྨན་བླའི་རྣམ་བཞག་ཆོ་ག་ཉམས་ལེན་བདེ་འཇུག་ལ་སོགས་པའི་རྩོམ་པ་མང་པོ་མཛད།
ལོ་ཆེན་སྐྱབས་མཆོག་དཔལ་བཟང་། འབྲོམ་སྟོན་སེང་གེ་རྒྱལ་མཚན། སེམས་དཔའ་ཆེན་པོ་ནམ་མཁའ་འོད་ཟེར་གསུམ་ལ་ཆོས་རྗེ་ལོ་པན་རྣམ་གསུམ་ཞེས་ཇི་བོ་ཨ་ཏི་ཤ་དང་། འབྲོམ་སྟོན་པ། རྔོག་ལེགས་པའི་ཤེས་རབ་ཀྱི་རྣམ་སྤྲུལ་དུ་གྲགས། འདི་གསུམ་དང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་དགོངས་པ་ཆོས་དབྱིངས་སུ་ཐིམ་ཡུལ་གནས་འདིར་ཡིན། དེ་ལྟ་བུའི་གནས་དགོན་འདི་ཉིད་སོག་པོ་ཇུན་གར་བས་གཏོར་བར་ཡུལ་མིའི་ཁ་རྒྱུན་དུ་གྲགས་ཀྱང་བདེ་ཆེན་རབ་རྒྱས་དགེ་བསྒྱུར་སོགས་དང་འབྲེལ་བའི་གཏམ་རྒྱུད་ལ་དཔག་ཚེ་དེའི་གོང་གི་སོག་དམག་གཞན་ཞིག་གིས་གཏོར་བ་མིན་ནམ་སྙམ་ཡང་དཔྱད། དེ་རྗེས་དུས་རབས་ཉི་ཤུ་པའི་ནང་བཀྲ་ཤིས་ལྷུན་པོ་ནས་གདན་ས་འདིར་ཉམས་གསོ་བྱས་ཏེ་དགེ་འདུན་བརྒྱད་གྲ་ཞིག་གི་གནས་གཞི་བཙུགས་ཀྱང་དུས་འགྱུར་སྐབས་མིང་ཙམ་དུ་གྱུར། ད་ཆ་མིག་ལམ་དུ་སྣང་བ་ནི་ལོ་ཆེན་སྐྱབས་མཆོག་དཔལ་བའི་ཕྱི་རྟེན་མཆོད་རྟེན་དེ་དང་མ་གཅིག་ལབ་སྒྲོན་གྱི་སྒྲུབ་ཕུག་དེ་ལས་གཞན་དག་ཆ་ཚང་ཡོངས་སུ་ཡལ་ནས་དགོན་ཤུལ་ཞིང་གིས་བཟུང་ནས་འདུག །རི་ལྡེབས་སུ་གྱང་ཤུལ་འགའ་རེ་ཐོག་སོ་ལོངས་པ་ཡོད་པ་ཕུད་དེ་མིན་རིའི་ལྡེབས་དང་ཞིང་གི་གསེང་བར་ལ་རྩིག་ཤུལ་དང་གྱང་ཤུལ་རེ་ཙམ་ཡོད་པ་དག་ཀྱང་ཚེར་ཕུང་དང་རྡོ་ཧྲུག་གིས་བཀབ་ནས་སྔོན་ཆད་ཆོས་སྡེ་ཞིག་བྱུང་ཡོད་ཟེར་ན་རྣ་བར་འགྲོ་དཀའ་བའི་ཚོད་ཙམ་དུ་གྱུར། བདེ་མཆོག་ཚེ་ལྷ་དཀར་པོའི་བླ་རིར་གྲགས་པའི་རི་རྩེར་ཆོས་འཁོར་སྒང་དགོན་ཤུལ་ལ་ཕྱིས་སུ་བཞེངས་པའི་འདུ་ཁང་གི་ཤུལ་དང་ད་ཆ་བདེ་ཆེན་རབ་རྒྱས་སྐུ་ཞབས་ཞིག་གི་བཞུགས་གནས་ཀ་བཞི་གཅིག་དང་། ཁང་ཕྲན་གཉིས་ཙམ་བཅས་འདུག །
མར་ལམ་ལང་འགྲོ་ཁང་དམར་རམ་ཐོབ་རྒྱལ་སྟག་ཚང་ཞེས་པའི་ཆར་སྟག་ཚང་ལོ་ཙཱ་བའི་འཁྲུངས་ཁང་ཤུལ་དུ་མཆོད་རྟེན་བཞེངས་པ་དེར་བཅར། སྔོན་སྟག་ཚང་ལོ་ཙཱ་བ་ཞིང་དུ་གཤེགས་རྗེས་བུ་སློབ་རྣམས་ནས་དེར་མཆོད་རྟེན་བརྩིགས་པ་དུས་འགྱུར་སྐབས་རྩ་གཏོར་དུ་ཕྱིན་ཀྱང་དགེ་སློང་བསྟན་པ་དགེ་འདུན་ནས་དད་འདུན་ལྷག་བསམ་བཟང་པོའི་སྟོབས་ཀྱིས་མཆོད་རྟེན་འདི་ཉིད་བཞེངས་ནས་མཁན་ཆེན་འཇིག་རྟེན་མིག་དུ་གྱུར་བ་གང་དེའི་འཁྲུངས་གཞིས་ཀྱི་ས་མིག་མ་བོར་བར་འཛིན་ཐུབ་པ་བྱུང་འདུག །བདེ་ཆེན་རབ་རྒྱས་སུ་འབྱོར་དུས་ཕྱི་དྲོའི་ལྔ་པ་ཡོལ་འདུག་པས་བྲུལ་ཚང་དུ་བཅར་བའི་གོ་སྐབས་ཡོངས་སུ་ཤོར། ཕྱིས་མཇལ་བའི་སྨོན་ལམ་བཏབ། བདེ་ཆེན་རབ་རྒྱས་དགོན་དུ་མཆོད་མཇལ་ལ་བཅར། འདུ་ཁང་ནུབ་ངོས་སུ་དགོན་འདི་ཕྱག་བཏབ་མཁན་གཙང་རོང་མེས་སྟོན་ཚོན་པོ་དང་། བཀའ་བརྒྱུད་གོང་མ་རྣམ་གསུམ། གྲལ་མགོར་རྒྱལ་བ་ཡབ་སྲས་གསུམ། པཎ་ཆེན་བཅུ་པ་ཆེན་པོ། རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན། སྔགས་ཆེན་རིན་པོ་ཆེ་བློ་བཟང་ཆོས་གྲགས། རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཞབས་ལྷམ་དང་། གཙང་རོང་མེས་སྟོན་ཚོན་པོའི་དབུ་ཞྭ་སོགས་བྱིན་ཅན་རྟེན་རྙིང་མང་པོ། གཙང་ཁང་ནང་གསེར་ཟངས་ལས་གྲུབ་པའི་ཇོ་བོ་ཤཱཀྱ་མུ་ནེ། འཁོར་སེམས་དཔའ་བརྒྱད། བར་ཐོག་ཏུ་གཟིམ་ཆུང་། སྟེང་ཐོག་ཏུ་མགོན་ཁང་ནང་མགོན་ཆོས་ལྷ་ལྔ་། རྒྱལ་པོ་ལི་བྱིན་ཧ་ར་སོགས་བཞུགས། མདུན་དུ་ཤག་སྐོར་ཉིས་ཐོག །རྒྱབ་ཏུ་སྨན་ཁང་བཅས་ཁང་ཕྲན་ལེ་ལག་བཅས་པ་དང་། དགོན་འདིར་ཆོས་ལུགས་བྱེད་སྒོ་ནི། གསང་འདུས། འཇིགས་བྱེད། ཀུན་རིག་སྒྲུབ་མཆོད་སོགས་ལོ་སྟར་བཞིན་ཉམས་བཞེས་ཐོག་གཞུང་ཆེན་ལ་སློབ་གཉེར་བྱེད་པའི་མཚན་ཉིད་འཛིན་གྲ་རྒན་གཉིས་ཡང་ཡོད་པ་བཅས་གཞི་གསུམ་རྣམ་པར་དག་པའི་ཐོག་ནས་མདོ་སྔགས་གཞུང་ལ་ཐོས་བསམ་གྱི་སྒྲོ་འདོགས་ཆོད་པའི་བློ་གསལ་ངང་མོའི་ཁྱུ་ཚོགས་བསྐྱེད་བསྲིངས་བྱེད་པའི་ཆོས་སྡེ་ཞིག་ཏུ་མཇལ།
ཡུལ་ལུང་འདི་ཉིད་ཀྱི་གནས་མཇལ་ཟིན་ཐོ་བྲི་བའི་དགོས་པ་ནི་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་དབུས་གཙང་གནས་ཡིག་ནང་འདི་ཉིད་བར་སྟོངས་སུ་ལུས་པ། ཉེ་ཆར་གྱི་གངས་ཅན་བོད་ཀྱི་གནས་བཤད་ལམ་ཡིག་གསར་མ་ལས། གཞིས་རྩེ་ཁུལ་གྱི་གནས་ཡིག་ཞེས་པའི་ནང་ཆད་པ། ཙོང་ཁ་པའི་ཞབས་རྗེས་ཞེས་པའི་ནང་ལོ་ཆེན་སྐྱབས་མཆོག་དཔལ་བ་དང་། མཁན་ཆེན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། རྗེ་བཙུན་དམ་པ་རེད་མདའ་བ། བླ་མ་ལོ་ཙཱ་བ་དོན་བཟང་བ། རྗེ་བཙུན་ཙོང་ཁ་བ་བཅས་གདན་འཛོམས་ནས་དམ་པའི་ཆོས་ལ་བརྒལ་བརྟག་མང་དུ་གནང་བའི་གནས་སྟག་ཚང་རྫོང་ཁའི་འདྲ་པར་དང་ད་ཆ་གང་དུ་ཡོད་པའི་སྐོར་རྣམས་འཁོད་མེད་པ་བཅས་ལ་བརྟེན་ནས་སྟོང་ཆ་ཁ་སྐོང་ཙམ་ལ་དམིགས་པ་ལགས། ད་དུང་ཡུལ་འདིའི་གནས་བཤད་ཞིབ་པར་གཟིགས་འདོད་ན། ཀན་སུའི་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་ཞིང་བསྟན་པ་དགེ་འདུན་ལགས་དང་ལྷུན་གྲུབ་རྒྱལ་མཚན་གཉིས་ནས་བསྒྲིགས་པའི་གཙང་ཐོབ་རྒྱལ་ཡུལ་གྱི་དམངས་སྲོལ་རིག་གནས་ཞེས་པའི་དེབ་དེར་གཟིགས་པར་ཞུ།
ཆུ་ཚོད་བདུན་པ་ཙམ་ལ་གཡེ་དམར་ཟམ་ཆེན་བརྒྱུད་ལྷ་སར་ལོག་པའི་ལམ་དུ་ཞུགས།