དཔྱད་རྩོམ་ཐོག་མ།

2018-06-23  本文已影响0人  ZBJ1376

«དགེ་འདུན་ཆོས་འཕེལ»ཞེས་པའི་རྩོམ་གྱི་ཁྱད་ཆོས་དང་རིན་ཐང་ལ་ཅུང་ཙམ་དཔྱད་པ།

___མང་ར•ཆུ་ཕྲན།

༼༡༽རྩོམ་པ་པོ་ངོ་སྤྲོད།

འཇུ་སྐལ་བཟང་ནི ༡༩༦༠ལོར་མགོ་ལོག་དར་ལག་དཔོན་སྐོར་དུ་སྐྱེས། རང་ལོ་ཉེར་བདུན་པར་བོད་ཀྱི་རྩོམ་རིག་རབ་འབྱམས་པའི་དམ་བཅའ་བཞག ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་མི་དང་། མཚོ་སྔོན་ཞིང་ཆེན་རྩོམ་པ་བོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སོགས་ཀྱི་འགན་ཁུར་ཅིང་། བོད་རྒྱ་སྐད་ཡིག་ཞུས་ཆེན་གྱི་ལོ་ཙཱ་བའི་ཐོབ་མིང་འཛིན་པ། བོད་སྐད་ཡིག་དང་གནའ་རྩོམ་སྐོར་གྱི་ཕྱག་ལས་གནང་བཞིན་ཡོད། ༡༩༧༦ལོར་མཚོ་སྔོན་མི་རིགས་སློབ་གླིང་གི་རིག་གཞུང་དུས་དེབ་དུ་སྙན་ངག༼དུས་ཀྱི་རྣམ་པ་གསར་པ།༽ཞེས་པ་བཀོད་པ་ནས་བཟུང་རིམ་གྱིས་རྩོམ་རིག་གསར་རྩོམ་གྱི་ལམ་ལ་ཞུགས་ནས་སྔ་གཞུག་ཏུ་བོད་ཀྱི་དུས་དེབ་མང་པོའི་སྟེང་སྙན་ངག་དང་ལྷུག་རྩོམ། རྩོམ་རིག་དཔྱད་རྩོམ། བསྒྱུར་རྩོམ་སོགས་མང་ཙམ་སྤེལ། དེ་ལས་སྐོར་ཞིག་སློབ་གྲྭ་ཆེ་འབྲིང་གི་ཆུང་གསུམ་གྱི་བོད་ཡིག་སློབ་གཞིར་བདམས། སྙན་ངག་འགའ་ཞིག་ཨིན་ཡིག་དང་ཧྥ་རན་སི་སོགས་ཀྱི་ཡི་གེར་བསྒྱུར་ནས་རྒྱལ་ཁབ་དེ་དག་གི་རྩོམ་རིག་དུས་དེབ་ཏུ་འཁོད། སྔ་རྗེས་སུ་ཀྲུང་གོའི་ཀྲོང་ཝིན་རྩོམ་རིག་བྱ་དགའ་སོགས་མང་པོ་ཐོབ། བརྩམས་ཆོས་ལ༼སྙན་ངག་གི་རྣམ་བཤད་དང་།༽དང་༼གངས་འདབས་ཀྱི་སེམས།༽གཉིས་གཙོ་བོས་སྙན་དེབ་དང་བསྒྱུར་དེབ་སོགས་མང་ངོ་།།

༼༢༽བརྗོད་བྱ་རགས་བསྡུས།

སྤྱི་ཚོགས་གང་དེས་གནས་བབ་ཤེས་པ་ནས་བཟུང་ཁོང་ཉིད་དགོད་དཀའ་ལ་ངུ་ཡང་དཀའ་བར་གྱུར།  ཤེས་བྱའི་གནས་ཆེ་ཆུང་ཀུན་ལ་ཞིབ་འཇུག་དང་དོགས་སློང་བྱས་ཏེ་ས་ཆེན་གོམ་པས་བགྲོད།  རིགས་ཞེན་གྱི་བསམ་པ་དཀར་པོ་བོད་སྤྱི་ཚོགས་ལ་གཏད་ཀྱང་།  འོད་སྣང་ལས་མུན་པའི་ཤོས་ཆེ་བའི་མི་དག་གིས་ཇི་ལྟར་ཤེས།  ཡིན་ཡང་ཁོང་གིས་མཐའ་གཅིག་ཏུ་ཕྱིར་ནུར་དང་འགྱོད་གདུང་གང་ཡང་མེད་པར་འཇིག་རྟེན་གྱི་མགོ་བོ་ཁྲག་ལ་བསྒྲེས་ཏེ།  འདྲི་རྟགས་དུ་མ་ལས་གྲུབ་པའི་གནས་ལུགས་དང་དྲང་བདེན་མེད་པའི་ལྕགས་ཐག་རིང་བོ་ཞིག་དྲུད་དེ་ས་སྒང་གི་ཆེད་དུ་ལམ་ལ་ཆས་སོང་།

༼༣༽རྩོམ་གྱི་ཁྱད་ཆོས།

༡.གོ་སླ་བའི་རང་བཞིན་མངོན་པར་གསལ་བ་སྟེ་མངོན་བརྗོད་དང་བརྡ་རྙིང་གི་ཤུགས་རྐྱེན་ཐེབས་པ་ཉུང་བ།

༢.ཚིག་གི་མགོ་རྔ་སྒྲིག་སྟངས་ནས་རིམ་བཞིན་བརྩེ་དུང་ཤུགས་དྲག་གིས་མཚོན་པ།

༣.ཚིག་འབྲུ་རེ་རེའི་ཤུགས་བསྟན་གྱི་བརྗོད་དོན་ཟབ་ལ་གནད་དུ་ཁེལ་བ།

༼༤༽བརྩམས་ཆོས་ཀྱི་རིན་ཐང་།

དེ་ཡང་རྩོམ་འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་བརྗོད་བྱ་ཡིན་པའི་སྙན་རྩོམ་ཞིག་ཡིན་ལ།  འདིའི་ཆེས་ཆེ་བའི་རིན་ཐང་ནི་རྙིང་ཞེན་དང་མཁྲེགས་འཛིན།  རིགས་པ་རྟུལ་བའི་འུ་ཅག་གི་རྩ་བའི་རང་གཤིས་མིག་ལམ་ཏུ་བཀྲམ་ཡོད་པ་དེ་རེད་སྙམ།  ལྷག་པར་རྗེས་ལུས་དང་ཀླ་ཀློ། མུན་འཐོམས་དུ་ལུས་པའི་འུ་ཅག་ད་ལྟའི་བར་འཕེལ་མེད་དུ་གནས་དོན་ཡང་རང་རིགས་ཀྱིས་གཞན་མིག་གཡར་ནས་རང་ཉིད་མ་བལྟ་མཁན་གྱི་སྐྱེས་བུ་རླབས་ཆེན་དག་རྩ་མེད་བཏང་བས་རེད།  རྒྱ་ནག་གི་ཡུས་ཏ་ཧྥེ་ཡིས"རླབས་ཆེན་གྱི་མི་སྣ་བྱུང་མ་མྱོང་བའི་མི་རིགས་ནི་འཇིག་རྟེན་སྟེང་ཆེས་སྙིང་རྗེ་བའི་སྐྱེ་འགྲོའི་ཚོགས་ཤིག་རེད་ལ།  རླབས་ཆེན་གྱི་མི་སྣ་བྱུང་ཡང་དེ་ལ་བརྩི་བཀུར་དང་དགའ་ཞེན།  ཡིད་སྨོན་བཅས་མི་བྱེད་པའི་རིགས་ནི་ནམ་ཡང་རེ་བ་མེད་པའི་བྲན་གཡོགས་ཀྱི་རིགས་ཤིག་རེད།"ཅེས་གསུང་བ་བཞིན། འུ་ཅག་དངོས་ནས་རེ་བ་མེད་པའི་བྲན་གཡོགས་རིགས་ཤིག་མ་ཡིན་ནམ།  དེ་བས་རྩོམ་འདིས་ཆེས་རིན་ཐང་ཆེ་ས་དེ་ཡང་འདི་ལྟ་བུའི་གནས་ཤིག་བརྗོད་ཀྱི་ཡོད་པ་དང་རང་ཅག་གི་ངང་གཤིས་ངོ་མ་ཚུར་སྣང་དང་དོགས་འདྲི་བྱས་ཡོད་པ་དེ་རེད་སྙམ།

上一篇 下一篇

猜你喜欢

热点阅读