གློག་བརྙན་དབུགས་སྒང་ལ་བལྟས་ཚར།

2020-12-23  本文已影响0人  SONAM0

བོད་རང་གི་ས་རྐྱེས་རྡོ་སྐྱེས་ཀྱི་གློག་བརྙན་གསར་བ་དབུགས་སྒང་ལ་མདང་དགོང་བལྟས་ཚར། མགོ་ས་ནས་བོད་པ་ཚོའི་ནམ་རྒྱུན་གྱི་འཚོ་བ་ལྟར་ཧ་ཅང་འགྲོས་དལ་ལ་ཅུང་སྒྱིད་ལུག་པའི་རྣམ་པ་ཞིག་མངོན་ཡོང་མོད། རིམ་གྱིས་མི་སྣ་རེ་རེའི་རྣམ་འགྱུར་དང་སེམས་ཁམས་ཡོད་ཚད་ཅུང་ཇེ་མགྱོགས་ལ་སོང་ཞིང་བརྗོད་དོན་ཀྱང་ཛ་ཇེ་དྲག་དང་ཇེ་གསལ་དུ་གྱུར། ཆོས་ལུགས་དང་དེང་རབས་བསམ་བློའི་བར་གྱི་འགལ་ཟླ་ལས་འཕྲོས་པའི་ལྟ་སྟངས་མི་འདྲ་བ་དེ་གཉིས་ཀྱིས་གློག་བརྙན་འདི་ལ་དབུ་ཁྱུད་བྲིས་ཤིང་འདི་ལ གསོན་ཤུགས་དང་ཁ་དོག་གཞན་ཞིག་བསྩལ་སོང་བ་འདྲ། ཧ་ཅང་གཟབ་ནན་དང་ཞིབ་ཚགས་ཀྱིས་གང་བའི་བརྙན་མིག་རེ་རེ་ནི་རྩ་བའི་བརྗོད་དོན་གྱི་རམ་འདེགས་སུ་སོང་ཞིང་མཐར་མར་བརྗོད་བྱ་ཐམས་ཅད་ཆུ་རྒྱུན་གཅིག་ལ་འདྲེས་པ་ལྟ་བུའི་ཆ་ཞིག་མངོན་ཡོང་བ་དེ་ནི། འཁྲབ་ཁྲིད་པ་ཁོའི་ཆེས་ཚད་མཐོ་བའི་སྒྱུ་རྩལ་གྱི་བློས་བསླངས་དང་བསམ་པའི་གོ་རྟོགས་ཡིན་ལ་ངེས་ལ། ཆེས་ལྟ་རིན་ཡོད་པ་དེ་ཡང་བརྙན་མིག་རེ་རེ་གཅིག་གྲོགས་གཅིག་ཏུ་སོང་བ་འདུག་པ་འདི་ཉིད་དོ།། མཇུག་བསྡུ་སྐབས་སུ་ཚེ་སྲོག་གི་རིན་ཐང་དང་ཁྱིམ་ཚང་གི་དཀའ་ཉོག་བར་གྱི་གནད་དོན་ཇི་ལྟར་སེལ་མིན། ཆོས་ལུགས་དང་དེང་རབས་བསམ་བློའི་བར་གྱི་འགལ་ཟླ་ལ་ཇི་ལྟར་གདོང་གཏོད་དགོས་སམ། མཁའ་རུ་འཕུར་བའི་དབུགས་སྒང་གཅིག་པོ་དེས་ཅི་ཞིག་མཚོན་པ་ཡིན་ནམ་སོགས་ཀྱི་དྲི་ཚིག་མང་བོ་བཀོད་པ་ལས། མཐར་ཐུག་གི་མཇུག་འབྲས་གསལ་བསྒྲགས་མ་བྱས་དེས་ནི། ལྟད་མོ་བ་ཚོར་རང་རང་གི་ཤེས་ཚད་ལ་དཔགས་པའི་གོ་བ་ལེན་པའི་གོ་སྐབས་དང་བསམ་གཞིགས་གི་བར་སྟོང་ཆེན་པོ་ཞིག་བསྐྲུན་པ་ཡིན་པས། མཇུག་བསྡུ་སྟངས་འདི་ཡང་ཧ་ཅང་དོན་སྙིང་ལྡན་ལ་རྣམ་པ་གསར་བའི་སྒྱུ་རྩལ་ཁྱད་པར་བ་ཞིག་ཏུ་མཐོང་སོང་།། འདི་ལྟར་སོང་ན་རིང་བོར་མི་ཐོགས་པར་བོད་ཀྱི་གློག་བརྙན་གྱིས་ཀྱང་རང་ཚུགས་ཐུབ་ཅིང་རང་མགོ་ཐོན་རྒྱུའི་རེ་བ་ཆེའོ།།

上一篇 下一篇

猜你喜欢

热点阅读