2018-05-18
ཞོང་ཤན་རི་ཁྲོད།
ཙོང་ཁའི་སྐྱེས་རིའི་འདབས་སུ་། རྐང་འཐུང་ལྗོན་པ་སྣ་ཚོགས་འཁྲིགས་པའི་གསེབ་ཏུ་ཆགས་ཤིང་། གནས་བྱ་རིགས་སྣ་ཚོགས་ཀྱིས་མགྲིན་དབྱངས་སྙན་པར་སྒྲོག་ཅིང་། མེ་ཏོག་སྣ་ཚོགས་ལྷམ་མེར་བཀྲ་བ། ཆུ་མིག་ཡན་ལག་བརྒྱད་ལྡན་ལྷང་ལྷང་འབབ་ཅིང་ཡིད་དུ་འོང་བའི་དྲང་སྲོང་དགྱེས་པའི་བསྟི་གནས་ཤིག་ཡིན།
གནས་འདིར་ཡབ་རྗེ་གསེར་ཁང་བ་ཡབ་སྲས་དང་། ཞྭ་དམར་པཎྚི་ཏ། བདེ་ཡངས་པཎྚི་ཏ། མདོ་བ་བེ་སི་རིན་པོ་ཆེ། གསེར་ཁང་དགེ་བཤེས། བླ་ཁོ་རིན་པོ་ཆེ། ཐར་ཤུལ་ཚང་སོགས་རྣལ་འབྱོར་གྱི་དབང་ཕྱུག་དུ་མས་ཉམས་བཞེས་མཛད།།
མདོ་སྨད་ཆོས་འབྱུང་ལས། ཞོང་ཤན་རི་ཁྲོད་དུ། བི་ཤྭ་ཀརྨས་ཐུབ་པའི་སྐུ་བརྙན་བརྒྱ་རྩ་བརྒྱད་བཞེངས་པའི་ནང་ཚན་གཅིག་བཞུགས།ཞེས་གསུངས་པ་ལྟར་སྔོན་བཅོམ་ལྡན་འདས་ཤཱཀྱའི་དབང་བོ་རྒྱལ་བྱེད་ཚལ་དུ་བཞུགས་པའི་ཚེ། འཇམ་དཔལ་གྱིས་གསོལ་བ་བཏབ་པས། ཞལ་འཛུམ་པའི་འོད་ཟེར་རྣམ་པ་བཞི་བྱུང་བས་ཚངས་པ་དང་། ཁྱབ་འཇུག དབང་བོ། བི་ཤྭ་ཀརྨ་རྣམས་སྤྱན་སྔར་འདུས་ཏེ་ཆོས་ལོངས་སྤྲུལ་པའི་སྐུ་རྣམས་བཞེངས་པར་གསོལ་བ་བཞིན། ཚངས་པས་ལྷའི་རིན་པོ་ཆེ་དུ་མ་སྤུངས་པ་ལས་ཆོས་སྐུ། ཁྱབ་འཇུག་གི་ལོངས་སྐུ་རྣམ་སྣང་གངས་ཅན་མཚོ། དབང་བོས་སྟོན་པ་དགུང་ལོ་བརྒྱད་དང་། བཅུ་གཉིས། ཉེར་ལྔ་བཅས་ཀྱི་སྐུ་ཚད་ཅན་གསུམ། བི་ཤྭ་ཀརྨས་རིན་པོ་ཆེ་དུ་མ་ལས་སྟོན་པའི་སྐུ་བརྙན་བརྒྱ་རྩ་བརྒྱད་བཞེངས་པའི་ནང་ཚན་དུ་གྲགས།
ཇོ་བོའི་སྐུ་འདི་བཟོ་དབྱིབས་བཀོད་པ་ལེགས་ཤིང་ཕུན་སུམ་ཚོགས་པས་ན་རྐན་པོ་འགས་སྐུ་བརྙན་འདི་གསེར་ཡིན་སྙམ་ནས་སྟ་རེས་བསྣུན་མ་ཐག་དངངས་སྐྲག་བྱུང་སྟེ་འབྲོ་བ་བརྩམས་པ་ན་ཁྲག་སྐྱུག་ནས་སྒོ་དྲུང་དུ་ཤི་བ་སོགས་གཏམ་རྒྱུད་ངོ་མཚར་བ་མང་། ལོ་རྒྱུས་ཀྱི་་དར་རྒུད་དང་རྐྱེན་ངན་སྣ་ཚོགས་བྱུང་ཡང་ལྷ་ཁང་རྟེན་དང་བརྟེན་པར་གནོད་པ་ཆེན་པོ་མ་བྱུང་།
རྗེས་སུ་གཤོང་ཤན་ཚོ་བ་ལྔའི་བླ་མ་དགེ་བཤེས་དཔོན་སློབ་དང་སེར་སྐྱ་རྒན་གཞོན་ཀུན་གྱིས་བདག་གིར་བཟུང་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྐུ་དང་། རྗེ་རིན་པོ་ཆེའི་སྐུ། མཐའ་སྐོར་གྱི་མ་ཎིའི་འཁོར་ལོ་སོགས་གསར་དུ་བཞེངས་ཏེ་རྒྱ་བསྐྱེད།
༡༩༥༤ལོར་ཆག་ག་ཞབས་དྲུང་རྗེ་བློ་བཟང་བཤད་སྒྲུབ་རྒྱ་མཚོ་ཚང་གཙོས་གྲྭ་རིགས་ཐུན་མོང་ནས་རྟེན་རྣམས་ལ་དངུལ་གྱི་དབུ་རྒྱན་དང་བྲང་རྒྱན། བཟང་གོས་ཀྱི་ན་བཟའ་དང་མཆོད་རྫས་སྣ་མང་བསྒྲུབས། སྒྲུབ་པ་ལ་གཅིག་ཏུ་གཞོལ་བའི་རི་ཁྲོད་པ་མང་དུ་བཞུགས་པས་སྒྲུབ་ཁང་དང་གཟིམ་ཤག་མང་དུ་འཕེལ།
༡༩༥༤ ལོར་ཇོ་ཁང་རྟེན་དང་བརྟེན་པ། འདུ་ཁང་དང་གྲྭ་ཤག་དང་བཅས་པ་ཤུལ་མེད་དུ་བཏང་།
བསྟན་པ་ཡང་དར་གྱི་སྐབས། མཁན་སྤྲུལ་རྡོ་ཕུང་ཞབས་དྲུང་རིན་པོ་ཆེ་དང་། གྲྭ་རྒན་གཞོན་སེར་སྐྱ་ཐུན་མོང་ནས་སླར་ཡང་བསྐྱར་བཞེངས་མཛད། སྔོན་ནས་ཉར་ཚགས་དོ་དམ་བྱས་པའི་ཇོ་སྐུ་དངོས་ཀྱི་སྐུ་ཤ་ཚལ་བུ་དང་རྟེན་སྣ། ཆོལ་གསུམ་གཙུག་རྒྱན་རྣམས་ཀྱི་ཞབས་ལ་གཏུགས་ནས་བསླངས་པའི་རྟེན་བྱིན་ཅན་མང་བོ། ཇོ་བོ་རིན་པོ་ཆེ་སོགས་ཀྱི་གཟུངས་གཞུག་ཏུ་ཕུལ།
ཉིས་སྟོང་བཅུ་གཅིག་ནས་བཟུང་བྱ་ཁྱུང་དགོན་གཞུང་ནས་བདག་རྐྱེན་སྦྱར་ཏེ་སྐྱེ་དགུའི་བསོད་ནམས་གསོག་པའི་ཞིང་དང་། དད་ལྡན་སྐྱེ་བོ་རྣམས་ཀྱི་མིག་གི་བདུད་རྩི་དམ་པར་བཞེངས།
དགེ་ལུགས་པའི་དྲ་ལས་བཤུས།