བསེ་རུ་གླེང་བ།
༄༅། །བསེ་རུའི་རྣམ་བཤད།
དང་པོ། བསེ་རུ་སྤྱིའི་བཤད་པ།
བསེ་རུ་ནི་རང་ཅག་བོད་པ་རྣམས་ལ་མིང་གི་ཆ་ནས་རྒྱུས་མེད་པ་ཞིག་མིན་ཏེ། རྒྱལ་བའི་བཀའ་དང་བསྟན་བཅོས་དག་ལས་ཧ་ཅང་མང་པོ་ཞིག་ཐོན་ཡོད། དཔེར་ན། དགེ་སློང་མའི་ལུང་འབྱེད་ལས། བསེ་རུ་ལྟ་བུར་གཅིག་བུ་སྤྱོད་པར་འགྱུར། ཞེས་དང་། གཞུང་དམ་པ་ལས། རང་སངས་རྒྱས་བསེ་རུ་འདྲ་བ། བདག་གཅིག་པུ་དུལ་བ། ཞེས་དང་། མངོན་རྟོགས་རྒྱན་ལས། བསེ་རུ་དང་ནི། ཞེས་དང་། ཡང་མདོ་ལས། ཅིའི་ཕྱིར་བསེ་རུ་ལྟ་བུའི་རང་སངས་རྒྱས་ཞེས་བྱ་ཞེ་ན། སེམས་ཅན་བསེ་རུ་ལྟར་གཅིག་པུར་གནས་པས་ན་བསེ་རུ་ལྟ་བུ་དང། ཞེས་དང་། ཡང་གསོ་རིག་གི་གཞུང་ལས། བསེ་དཀར་པོ་དང་བསེ་ནག་པོ་ནི་གློ་བ་སོགས་བྱང་ཁོག་གི་རྣག་ཁྲག་དང། ཆུ་སེར་སྐེམ་པ་སོགས་ལ་ཕན་པའི་སྨན་ཞིག་ཏུ་གསུངས་པ་དང་། རྩིས་གཞུང་དག་ལས། རང་བཞིན་གཟུགས་དང་བསེ་རུ་དང་། ཞེས་གཅིག་གི་མངོན་བརྗོད་དང་། ཡང་རྩིས་གཞུང་ལས་བསེ་རུ་ནི་ཡ་དང་གྲངས་ཉུང་བའི་ཆ་ནས་ཅུང་ངན་པ་ཡིན་པས་ལོ་ཡི་བསེ་རུ་དང་། སྤར་ཁའི་བསེ་རུ། སྨེ་བའི་བསེ་རུ་ཞེས་དབྱེ་བ་གསུམ་དུ་བཀར་ཡོད་པ་སོགས། མདོར་ན་བོད་ཀྱི་རིག་གཞུང་ཕལ་མོ་ཆེར་བསེ་རུའི་མིང་ནི་ཤིན་ཏུ་མང་པོར་བགྲངས་ཡོད། ཡིན་ནའང་ཁོ་བོས་༢༠༡༥ལོའི་དགུན་ཟླ་བཅུ་གཉིས་པའི་ནང་དུ་ཡུན་ནན་ཕོར་འར་ནས་བསེ་རུ་ཐོག་མར་མཐོང་བས་ཡ་མཚན་པ་ལ། བསེ་རུ་ནི་རྭ་གཅིག་པུ་ཅན་མིན་པར་རྭ་གཉིས་རེ་ཡོད་པ་དང་། དེ་ཡང་གཅིག་རེ་ཙམ་མིན་པར་དེ་ན་ཡོད་པའི་བསེ་རུ་ཐམས་ཅད་རྭ་གཉིས་དང་ལྡན་པ་མཐོང་ངོ་། །མ་ཟད་དེར་ཡོད་པའི་བསེ་རུ་ནི་གཅིག་པུར་རྒྱུ་བའི་རིགས་མ་ཡིན་པར་ཟུང་རེ་འགྲོ་བའམ་ཁྱུ་བྱས་ནས་འགྲོ་བ་ཤ་སྟག་ཏུ་འདུག །འོ་ན། མདོ་སོགས་སུ་བསེ་རུ་དེ་རང་རྒྱལ་སྲིད་པ་ཐ་མའི་དཔེར་བྱེད་པ་ཅི་ཡིན་ནམ། དེས་བསེ་རུ་ཐམས་ཅད་ལ་ཁྱབ་བམ་ཞེ་ན། སྤྱིར་འཛམ་གླིང་དུ་མིའི་རིགས་མ་བྱུང་བའི་སྔོན་ནས་བསེ་རུ་བྱུང་ཡོད་ལ། བསེ་དཀར་དང་བསེ་ནག །སཱོ་མིན་དྷ་རའི་བསེ་རུ་རིགས་གསུམ་ནི་བྱུང་ནས་ད་བར་མི་ལོ་ས་ཡ་གསུམ་ལོན་འདུག་པས་བསེ་རུའི་མེས་པོ་རུ་འབོད། བཀྭའ་ཝ་བསེ་རུ་དང་རྒྱ་གར་བསེ་རུ་ནི་དུས་རབས་བར་མའི་སྐབས་ནས་བྱུང་། སྤྱིར་བསེ་རུ་ནི་དེང་སྐམ་སར་གཞིས་པའི་སྲོག་ཆགས་གཟུགས་བོང་ཆེ་བའི་ཁྲོད་ཨང་གཉིས་པར་སླེབས་ཡོད། སྤུ་ཐུང་ཞིང་གཟུགས་བོང་ཆེ་བ། རྐང་ལག་སྦོམ་ཞིང་ཐུང་བ། ལུས་ལྗིད་ཆེ་བ། པགས་པ་ཤིན་ཏུ་མཐུག་ལ་གཉེར་མ་མང་བ། གཉེར་མའི་ནང་སྦུབས་སུ་འབུ་སྲིན་ཆགས་ཏེ་སྲོག་ལ་གཟན་པ་ལྟ་བུ་ཡོད་མོད། བསེ་བྱེའུ་བྱ་བའི་བྱ་ཞིག་རྒྱུན་པར་ལུས་སྟེང་དུ་བབ་སྟེ་འབུ་སྲིན་འཐུ་ཞིང་ལུས་ལ་སྨན་བཅོས་བྱེད་པ་ལྟ་བུ་ཡོད། རྣ་བ་གཉིས་རིང་ཞིང་ཟླུམ་པ། མིག་ཆུང་ལ་མིག་གཉིས་གདོང་བའི་དཀྱིལ་ཙམ་དུ་ཡོད་པ། ཁ་ཤ་མཐུག་ཅིང་སྣ་སྟེང་དུ་རྭ་སྐྱེས་པ། ལུས་ཀྱི་པགས་པ་ཁྲབ་ལྟར་སྲ་ཞིང་མཁྲེགས་པ། ལྕི་ཚད་སྤྱི་རྒྱ་༥༠༠---༢༥༠༠བར་ཡོད་པ། ཚེ་ཚད་མི་ལོ་༣༠--༥༠ཟིན་པ། ནགས་ཚལ་དང་ན་ཁུག་ཏུ་འཚོ་ཞིང་གཟན་དུ་རྩྭ་དང་འབྲས་བུ། སྡོང་ལོ་ཟ་བ། རྒྱུད་དུལ་ཞིང་འཚེ་བ་མི་བྱེད་པའི་རིགས་ཀྱི་སྲོག་ཆགས་ཞིག་གོ །
གཉིས་པ། བསེ་རུའི་དབྱེ་བ།
༼༡ ༽ བསེ་དཀར་ཞེས་པའི་དཀར་ནི་དོན་དུ་དཀར་པོའི་དོན་མིན་པར་ཧོ་ལན་སྐད་དུ་ལེབ་མོའི་དོན་ལ་འཇུག་པས་བསེ་རུ་ཁ་ལེབ་ཅེས་པ་ཡིན་ལ། དེང་གཙོ་བོ་ལྷོ་ཨ་ཧྥེ་རི་ཀ་སོགས་སུ་ཡོད་ལ་གྲངས་ཀྱང་ཉིས་ཁྲི་བཞི་བརྒྱ་ལྷག་ཡོད་པར་བཤད་པས་བསེ་རུའི་རིགས་ལས་གྲངས་ཆེས་མང་བར་ཡོད།
དེའི་ཁྱད་ཆོས་ནི་གཟུགས་བོང་ཆེ་ལ་སྟོབས་རྒྱས་པ། ཁྱུ་ཚོགས་ལ་དགའ་བས་བསེ་རུ་གཉིས་གསུམ་ནས་མང་བ་ཉི་ཤུ་སུམ་ཅུའི་བར་ཅི་རིགས་དང་འགྲོགས་པ། པགས་པ་འཇམ་ཞིང་རྣ་རྩ་གཡས་གཡོན་ཙམ་ལས་ལུས་བྱིངས་སུ་སྤུ་མེད་པ། སྣ་སྟེང་དུ་རྭ་ཆེ་ཆུང་གཉིས་གོང་འོག་ཏུ་སྐྱེས་པའོ།།
༼ ༢ ༽ བསེ་ནག་ནི་ནག་རྐྱང་ཙམ་མིན་པར་སྐྱ་མདོག་ཆེ། གཙོ་བོ་ལུས་བོང་གི་ཆ་ནས་དབྱེ་བ་བཀར་བ་ཞིག་སྟེ་ལུས་བོང་ནི་བསེ་དཀར་ལས་ཧ་ཅང་ཆུང་། ཁ་ཤ་གྲིམ་ལྷོད་བྱེད་ཆོག་པ། སོ་སྒོ་མེད་ལ་སྣ་སྟེང་དུ་རིང་ཐུང་ཆེར་མེད་པའི་རྭ་གཉིས་ཡོད་ལ། ཁ་ཤས་རྭ་གསུམ་ཅན་ཡང་ཡོད་མོད་གསུམ་པ་དེ་ཧ་ཅང་ཆུང་།
འདིའི་ཕོ་མོ་གཉིས་ཀྱི་རྭ་ལ་སྦོམ་ཕྲ་ཙམ་ལས་རིང་ཐུང་ལ་ཁྱད་པར་ཆེར་མེད། སྤོབས་པ་ཆུང་ལ་ཁྱུར་སྡོད་ལ་དགའ་བ། རྒྱུན་པར་ནགས་ཚལ་དུ་འཚོ་ཞིང་གཞིས་པའོ།།
དེ་ལས་ཨ་ཧྥེ་རི་ཀའི་བསེ་དཀར་ནི་རྩ་བའི་ཆ་ནས་ཁྱུར་སྡོད་པར་དགའ་བ་ལས། བསེ་རུ་གཞན་དག་ནི་སྣ་ཚོགས་སུ་ཡོད།
༼ ༣ ༽ སཱོ་མིན་དྷ་རའི་བསེ་རུ་ནི་བསེ་རུའི་རིགས་ལས་ལུས་བོང་ཆེས་ཆུང་བའི་གྲས་ཏེ་ཁྱིམ་གྱི་བ་ལང་ཙམ་ལས་མེད། ཆ་སྙོམས་ཀྱིས་རྒྱ་མ་སྟོང་ཁེ་༧༠༠-༡༡༠༠བར་ཙམ་མོ། །
སྤུ་ནི་ཁམ་མདོག་ཡིན་ལ་ཅུང་ཟད་རིང་། རྒྱུན་དུ་གཅིག་པུར་སྡོད་ལ་མཚམས་རེར་བསེ་རུ་གཞན་དང་ལྷན་དུ་སྡོད། རྭ་གཉིས་ཅན་དང་གཙོ་བོར་མཱ་ལེ་གླིང་ཕྲན་ཕྱེད་མ་དང་སཱོ་མིན་དྷ་ར།པཱ་རའི་གླིང་ཕྲན་བཅས་སུ་འཚོ་ཞིང་། དེང་སང་ཉུང་ཤས་ཙམ་སྟེ་༢༠༠ཙམ་ལས་མེད་པར་བཤད།
༼ ༤༽ བཀྭའ་ཝ་བསེ་རུ་ནི་གསེར་གླིང་ངམ་ཧིན་དྷི་ནེ་ཞུ་ཡའི་བཀྭའ་ཝ་གླིང་ཕྲན་ཁོ་ནར་ཡོད་པའི་བསེ་རུ་སྟེ། རྒྱ་གར་བསེ་རུའི་ཚ་བོར་ཡང་གྲགས། འདིའི་རྣ་རྩ་དང་རྔ་མ་ཙམ་ལས་ལུས་བྱིངས་སུ་སྤུ་མེད་ལ། པགས་མདོག་སྐྱ་བོ་ཡིན། རྐང་ལག་ལྷག་ཏུ་སྦོམ་ལ་ཕོ་ལ་རྭ་ཐུང་གཅིག་དང་མོ་ལ་རྭ་མེད། གཅིག་པུར་སྡོད་པ་ལ་དགའ་ཞིང་རྒྱུགས་ན་མགྱོགས། མིག་དབང་མི་རྣོ་བ་བསེ་རུ་སྤྱི་དང་འདྲ། ལོ་བཞི་ནས་ལྔའི་བར་དུ་མངལ་རེ་ཆགས་ལ་མངལ་ཆགས་ཡུན་ཟླ་ ༡༦ ཡིན་པས་བསེ་དཀར་ལས་ཟླ་བ་གཉིས་ཀྱིས་ཐུང་།
སྔོན་འབར་མ་སོགས་ཡ་གླིང་ས་ཁུལ་དང་རྒྱལ་ཁབ་དགུ་ཙམ་དུ་ཡོད་པར་བཤད་མོད་དེང་སང་ཧིན་ཞི་ཙམ་ལས་རིགས་བརྒྱུད་སྟོང་བར་འདུག །དེ་རུའང་༣༥ཙམ་ཞིག་ས་དེ་གའི་གླིང་གར་"བཙོན་"དུ་བཅུག་པ་ལས་རིགས་བརྒྱུད་སྟོང་ཉེ་བར་འདུག་པ་ཞིག་གོ།
༼ ༥ ༽ རྒྱ་གར་བསེ་རུ་ནི་རྒྱ་གར་དང་ནེ་ཕ་ལའི་ནགས་ཚལ་དང་སྤང་ལྗོངས། ཧི་མ་ལ་ཡའི་རི་རྒྱུད་བཅས་སུ་འཚོ་བའི་རིགས་ཤིག་སྟེ། རྣ་བ་དང་སྣ་ཚོར་བ་རྣོ་ལ། མགྱོགས་ཤིང་ཆུ་རྐྱལ་ལ་མཁས་པ། དཔུང་མགོ་དང་འཕང་སྨད་ཀྱི་པགས་པ་ནི་ཁྲབ་ལྟ་བུར་ཡོད་ལ།
ལྗིད་ཚད་སྤྱི་རྒྱ་༡༦༠༠-༢༢༠༠བར་ཡོད་པས་གླང་ཆེན་དང་ཉེ། ཕོ་བསེའི་སྣ་སྟེང་དུ་རྭ་གཅིག་དང་དེ་ཡང་སྲ་ཞིང་མཁྲེགས་པ་ཞིག་གོ །གཉེར་མའི་གསེང་ཤ་ཤིན་ཏུ་སྙི་བས་འབུས་གཞིབ་སླ་ལ། དེ་སེལ་ཕྱིར་ཆུར་ཞུགས་ཏེ་འགྲེ་ལྡོག་བྱེད་པས་རྐྱལ་ལ་མཁས། བསེ་རུའི་རྭ་དང་པགས་པ་སོགས་གསོ་རིག་ཏུ་བཀོལ་བ་ཆེ་བས་ཚོང་ལས་ཀྱི་ཕྱིར་གསོད་གཅོད་ཀྱིས་མནར་བས་དེང་སང་༣༠༠༠ཙམ་ལས་མི་ལོངས་པར་བཤད། དེ་ལས་༢༠༠༠ལྷག་ཅིག་ནི་རྒྱ་གར་གཞུང་གིས་བདག་ཉར་གྱིས་བྲམ་ཟེའི་ཆུ་བོའི་འགྲམ་གྱི་ཀཱ་ཆི་ལན་ཀའི་རྒྱལ་ཁབ་སྤྱི་གླིང་དུ་བཀུག་ཡོད།
གསུམ་པ། བསེ་རུ་དང་རང་རྒྱལ།
གོང་དུ་དབྱེ་བ་ཁག་མདོ་ཙམ་ངོ་སྤྲོད་བྱས་པ་ལྟར་རང་རེའི་མདོ་སོགས་སུ་ཐོན་པའི་བསེ་རུ་ནི་རིགས་ལྔ་ལས་རྒྱ་གར་བསེ་རུ་ཁོ་ན་ཡིན་གྱི་གཞན་དག་གང་ཡང་མིན་ལ། དེ་ལ་རྭ་གཅིག་ཅན་ཁོ་ནས་ཁྱབ་པ་དང་ལོ་གཅིག་དང་གསུམ་གྱི་བར་དུས་ཕལ་མོ་ཆེར་གཅིག་པུར་སྡོད་པས་རང་རྒྱལ་རིགས་གསུམ་ལས་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་ལ་མི་བསྟེན་པར་རང་གི་བྱང་ཆུབ་མངོན་དུ་བྱེད་པའི་རིགས་ཀྱི་རང་སངས་རྒྱས་ཀྱི་དཔེར་རི་དྭགས་འདི་འཇོག་པས་ན། ལུང་རྣམ་འབྱེད་ལས། བསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་འགྱུར། །ཞེས་པ་ལ་དོན་སྤྱི་ལྟ་བུར་འཆར་རྒྱུ་ཡོད། བཀྭའ་ཝ་བསེ་རུ་ལའང་དཔེའི་ཁྱད་ཆོས་འདི་ཚང་ཙམ་ཡོད་མོད་ས་ཁུལ་གྱིས་མི་འགྲིག་སྟེ། ལོ་རྒྱུས་ཐོག་ཧིན་ཞིའི་བསེ་རུའི་རྒྱུད་རྒྱ་གར་དུ་བྱུང་བའི་ཁུངས་ཅི་ཡང་མེད། དེ་བས་ནང་བའི་བསྟན་བཅོས་དེ་སྙེད་ཅིག་ཏུ་བྱུང་བའི་དཔེ་ཁྱད་པར་བ་ཞིག་ཡུལ་ཁམས་གཞན་གྱི་དཔེ་བཀོད་པ་ནི། ནམ་ཡང་རྗེས་ཟློས་ལ་དགའ་བའི་བོད་ཙམ་ལས་རང་ཚུགས་ཅན་གྱི་རྒྱ་གར་བས་འདྲེན་མི་སྲིད་དོ། །དེ་བས་ན་མཚན་བརྗོད་དུ། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ།།ཞེས་སོགས་ལན་བརྒྱ་སྟོང་དུ་མར་ཁ་ཏོན་བྱེད་པའི་བསེ་རུ་ནི་རྒྱ་གར་བསེ་རུ་ཙམ་ཡིན་ལ། བསེ་རུ་ཡོད་ཚད་ལ་གོ་ན་དཔེ་དོན་མི་འབྱོར་བའི་དཀའ་ཁག་ཅི་བས་འཕྲད་སྲིད་དོ། །
༡ གཅིག་པུར་གནས་པའི་དཔེ།
སྤྱིར་སངས་རྒྱས་མི་བྱོན་པའི་དུས་སྨོན་ལམ་གྱི་དབང་གིས་སྲིད་པ་ཐ་མའི་རང་རྒྱལ་བྱུང་སྟེ། དེས་སྲིད་པ་ཐ་མའི་ཚེ་རང་གི་བྱང་ཆུབ་མངོན་དུ་བྱེད་ཉེ་བ་ན་སློབ་དཔོན་སོགས་གྲོགས་གཞན་ལ་མི་བསྟེན་པར་གཅིག་པུར་གནས་ཏེ། རྟེན་འབྲེལ་ལུགས་འབྱུང་ལྡོག་ཏུ་སྒོམ་པ་ལས་དགྲ་བཅོམ་མངོན་དུ་བྱེད་དོ།། རྒྱ་གར་བསེ་རུ་ཡང་གཅིག་པུར་སྡོད་པ་ལ་དགའ་ཞིང་ཚོགས་དང་ལྷན་དུ་མི་འགྲོགས་པས་ནའོ།།
༢ དབེན་པར་གནས་པའི་དཔེ།
བསེ་རུ་ལྟ་བུའི་རང་རྒྱལ་ནི་འདུ་འཛི་ལ་མི་དགའ་ཞིང་འདུ་འཛི་ལ་མི་གཡེང་བས་རྟག་ཏུ་དབེན་པར་གནས་པ་དང་། དབེན་པའི་ཡོན་ཏན་གྱིས་ཐུགས་འཕྲོག་པ་དང་། བསེ་རུ་ཡང་རྒྱུད་འཇམ་ཞིང་རྟག་ཏུ་དབེན་པ་དང་ནགས་ཚལ་དུ་གནས་པས་ན་དེའི་སྒོ་ནས་དཔེར་བྱེད་དེ། ལྷག་བསམ་སྐུལ་པའི་མདོ་ལས། བསེ་རུ་ལྟ་བུ་རྟག་ཏུ་ནགས་གནས་ཀྱིས། །ཡོན་ཏན་འདོད་པ་ནགས་ན་གནས་པ་ཡིས། །ཞེས་གསུངས་སོ།།
༣ ཤེས་པ་བཙན་པའི་དཔེ།
དེ་འདྲའི་རང་རྒྱལ་ནི་རྟག་ཏུ་འདོད་ཡོན་ལ་འཛེམ་པས་འདོད་ཡོན་ལ་ཤེས་པ་བཙན་པ་དང་། བསེ་རུ་ཡང་རྣ་དབང་ཚོར་བ་རྣོ་བས་རྟག་ཏུ་སེངྒེ་སོགས་གཅན་གཟན་གཞན་ལ་ཟོན་བྱེད་པས་ན་རིག་པ་བཙན་ནོ།།
༤ འདོད་པ་མེད་པའི་དཔེ།
དེ་འདྲའི་རང་རྒྱལ་ནི་འདོད་ཡོན་ལ་ཆགས་ཞེན་དང་བྲལ་བ་དང་། བསེ་རུ་ཡང་རྩྭ་དང་ལོ་མ་ལས་ཟས་ལ་འདོད་པ་མེད་པས་དེའི་དཔེར་བྱེད་དེ། འཇམ་དཔལ་རྩ་རྒྱུད་ལས། འདོད་མེད་བསེ་རུ་ལྟ་བུར་སྤྱོད།།ཅེས་སོ།།
༥ གཉིས་མེད་ཀྱི་རྟོགས་པའི་དཔེ།
རང་རྒྱལ་གྱིས་གཟུང་འཛིན་གཉིས་སུ་འཛིན་པའི་རྟོག་པ་སྤོང་བྱའི་གཙོ་བོར་བྱེད་པ་དང་། གཟུང་འཛིན་གཉིས་མེད་ཀྱི་ལྟ་བ་བསྒོམ་བྱའི་གཙོ་བོར་བྱེད་པ་དང་། བསེ་རུ་ཡང་གཅིག་པུ་ལས་གྲོགས་གཉིས་པ་མེད་པ་དང་གནས་གཉིས་པ་མི་བསྟེན་པ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། བསེ་རུ་ལྟ་བུ་གཉིས་མེད་ཉོན་མོངས་སྤངས། །ཞེས་སོ།།
༦ རང་བྱུང་གི་དཔེ།
དེ་འདྲའི་རང་རྒྱལ་ནི་སངས་རྒྱས་དངོས་སུ་མི་བྱོན་པའི་ཚེ་རང་བྱུང་བའམ་རང་རྒྱལ་བར་གྱུར་པ་དང་། བསེ་རུ་ཡང་སྲོག་ཆགས་གཞན་རྒྱུ་བའི་གནས་སུ་སྤྱིར་མི་སྡོད་པས་སོ།།
༧ འཇིགས་ཤིང་སྐྲག་པའི་དཔེ།
དེ་འདྲའི་རང་རྒྱལ་ནི་འདོད་ཡོན་ལ་ཤིན་ཏུ་འཇིགས་པ་དང་། བསེ་རུ་ཡང་རྒྱུད་དེས་ཤིང་འཇམ་པ་དང་རྟག་ཏུ་གཞན་ལ་འཇིགས་པ་དང་བཅས་པ་ཡིན་གྱི། གཞན་ལ་མི་འཚེ་བས་སོ། །འདི་ཡང་རིན་ཆེན་ཕུང་པོའི་མདོ་ལས། བསེ་རུ་ལྟ་བུ་གཅིག་པུར་རྒྱུ་བ་དང་། འདུ་འཛིས་འཇིགས་སྐྲག་པ་དང་། ཞེས་སོ།།
དེ་ལྟར་བསེ་རུའི་རིགས་དང་དབྱེ་བ། ཡོན་ཏན་སོགས་ངོས་ཟིན་པར་བྱས་ནས་ཕྱིན་ཆད་བསེ་རུའི་དཔེ་ལ་མ་རྨོངས་པ་ཞིག་ཅི་བས་གལ་ཆེ་བ་དང་། ཡང་ལ་ལས་བསེ་རུ་ནི་དེང་གི་མཐོང་བ་འདི་མིན་པར་ 麒麟 ཞེས་པའི་སྲོག་ཆགས་དེ་ཡིན་པར་བཤད་མོད།དེ་ནི་རི་དྭགས་ཤ་ར་བྷ་བྱ་བ་ལུས་བྱིངས་པགས་པ་ཁྲབ་ལྟ་བུ་དང་། སེངྒེའི་མགོ་བོ་ལ་ཤའི་རྭ། ལྡེར་མོ་ཡོད་པ། ལོ་སྟོང་ཕྲག་ལྷག་འཚོ་ཐུབ་པར་བཤད་པ་དེ་ཡིན་གྱི་བསེ་རུ་ནི་མིན་ནོ།། དེ་ད་ལྟ་ནི་རི་མོ་ཙམ་ལས་སྲོག་ཆགས་དངོས་འཇའ་ལུས་སུ་ཐིམ་ཟིན་མོད། རི་མོར་དཔྱད་ན་ནི་དཔེ་དོན་སྦྱར་སའི་བསེ་རུའི་ཁྱད་ཆོས་ནི་ཅི་ཡང་མེད་དོ།། རང་ཅག་གི་འདུ་ཁང་སྟེང་གི་ཆོས་འཁོར་གཡས་གཡོན་དུ་འཇོག་རྒྱུ་དེ་ཡང་བསེ་རུ་ཡིན་འོས་མོད། རྐང་ལག་དང་གདོང་དབྱིབས་སོགས་ནི་ཡུ་མོའི་གཟུགས་སུ་ཟད་དོ།། འགའ་ཞིག་གིས་དེ་ལས་ཐལ་ཆེ་སྟེ་རྭ་ཡོད་མེད་ཙམ་ཡང་མི་ཤེས་པ་དང་། ཤེས་ཀྱང་འཇོག་ས་ནོར་ཏེ་རྣ་བའི་བར་ཏུ་བཟོ་བ་དག་ནི་དགོད་བྲོ་བ་ཞིག་གོ །
སྨྲས་པ།
བསེ་ཁྲབ་ལོ་སྟོང་གྱོན་ཡང་དགྲ་མ་ཐུབ།།
བསེ་དཔེ་ལན་བརྒྱར་ཟློས་ཀྱང་དོན་མ་འཕྲོད།།
བསེ་གཟུགས་རྫུན་མའི་ཡུ་གཟུགས་མཐོང་བ་ལས། །
བསེ་རག་འབྱེད་པའི་ལས་འདི་ཁོ་བོས་བྱས། །
ཞེས་དབྱངས་གོ་ཆས་རྒྱལ་ཟླའི་ཡར་ཚེས་རྒྱལ་བ་གསུམ་པར་ཁྲིན་འདུ་ནས་འཕྲལ་ཟིན་དུ་ཕབ།
༢༠༡༨/༡/༢༩