གནའ་བོའི་ཕྱི་རོལ་བ་ཚོའི་ཤེས་རབ།

2021-04-13  本文已影响0人  SONAM0

གྲངས་ཅན་པས་ཆོས་ཐམས་ཅད་སྤྱི་གཙོ་བོ་ཞེས་པས་སྤྲུལ་བ་དང་དེའི་རྣམ་འགྱུར་ཙམ་དུ་གྲུབ་ཡོད་པར་འདོད་པའི་སྤྱི་གཙོ་བོ་ཞེས་པ་རྟོག་ངོའི་སྣང་བ་སྤྱི་ཙམ་པོ་ལ་གོ་ན་འགྲིག་གམ། རྟོག་པའི་སྣང་བ་དེ་ཉིད་ཆོས་གང་དུ་སྣང་བ་ན་དེའི་ངོར་རང་མཚན་དུ་གྲུབ་པར་འདོད་པས་སྣང་བ་རང་མཚན་ཞེས་པ་ཡང་རྩ་བ་ཆོས་རྣམས་རྣམ་རྟོག་གིས་ཅི་ལྟར་སྐྲོ་བཏགས་པ་ན་དེ་ལྟར་དུ་གྲུབ་ཡོང་བར་འདོད་པ་ལས་བྱུང་བ་ཡིན་ནམ། དེའི་དབང་གིས་མཐར་ཐུག་ཐར་བ་ཐོབ་ཚུལ་ཡང་བསམ་གཏན་ཡུན་རིང་དུ་བསྒོམས་སྟོབས་ཀྱིས་སེམས་ཕྱི་རོལ་ལ་གཡེང་བ་ཞི་བ་འམ་རྣམ་རྟོག་གི་འཕྲོ་འདུ་ཕྲ་རགས་ཐམས་ཅད་བཀག་སྟེ། ཅི་ཡང་ཡིད་ལ་མི་བྱེད་པའམ་འགོག་པའི་སྙོམས་འཇུག་ལྟ་བུ་ལ་གནས་པ་དེ་ལ་ཐར་བ་ཐོབ་ཅེས་བསྙད་དམ། བྱང་རྒོད་དང་བྲལ་ཞིང་རྣམ་རྟོག་གི་འཕྲོ་འདུ་གང་ཡང་མེད་པར་ཏིང་ངེ་འཛིན་གྱི་བདེ་བར་ཡིད་སེམས་རོ་གཅིག་ཏུ་འཐིམས་པ་དེ་ལ། སྤྱི་གཙོ་བོས་རྣམ་འགྱུར་ཐམས་ཅད་བསྡུས་ནས་རྩ་བའི་རང་བཞིན་དུ་གནས་པ་ཞེས་བརྗོད་དམ། གལ་སྲིད་རྣམ་འགྱུར་ཐམས་ཅད་སྤྱི་གཙོ་བོས་སྤྲུལ་ཚུལ་ནི་དོན་ལ་ཆོས་རྣམས་རྣམ་རྟོག་གི་རང་གཟུགས་སུ་ཤར་ཚུལ་དང་། ཐར་བ་ཐོབ་ཅེས་པ་ཡང་རྣམ་རྟོག་གི་འཕྲོ་འདུའི་རྒྱུན་ཆད་དེ་བྱིང་རྒོད་དང་བྲལ་བའི་ཞི་གནས་ཀྱི་བདེ་བ་ཆེན་པོ་ཐོབ་པའམ་འགོག་སྙོམས་ཐོབ་པ་ལྟ་བུ་ལ་བཤད་པ་ཡིན་ན། གྲངས་ཅན་པའི་ལྟ་བ་དག་ཀྱང་རང་དགར་ཐ་ཆད་དུ་བརྩི་རུང་བ་ཞིག་ག་ལ་ཡིན། དེ་ལྟར་ཞིབ་ཏུ་དཔྱད་ནུས་ན། གནའ་བོའི་ཕྱི་རོོལ་བའི་གྲུབ་མཐའ་དག་ཀྱང་སེམས་ཀྱི་ཞི་བདེ་དང་མཐར་ཐུག་གི་བདེན་ལུགས་འཚོལ་ཐབས་ཀྱི་རིགས་ལམ་མམ་གཞུང་ལུགས་ཐུན་མོང་མ་ཡིན་ཞིག་ཡིན་པར་ངོས་འཛིན་མ་འདྲ་བ་ཞིག་དྲངས་ཡོང་ངོ་།།

上一篇下一篇

猜你喜欢

热点阅读