རང་ངོ་མི་ཟིན་པའི་ཁོ་བོ།
གྲོགས་པོ་ཞིག་གིས་“ངག་རིག་དགའ་ཚལ་”ཞེས་པ་འདི་རྒྱ་ཡིག་ལ་བསྒྱུར་རོགས་ཞུ་ཟེར་ནས་ནན་གྱིས་སྐུལ་ཡོང་བས། ཚོད་ལྟའི་ཚུལ་གྱིས་འགྱུར་ཡིག་ཚད་ལྡན་ཞིག་ཡོང་བར་ཤེས་ཚད་ཀྱིས་བསམ་བློ་བཏང་ཡང་། རང་ཡིད་ཚིམ་པ་ཞིག་གཏན་ནས་བསྒྱུར་ཤེས་མ་སོང་། ཅུང་འདྲ་ཆགས་པོ་ཞིག་ཀྱང་མ་ཡོང་བས་འདི་འདྲའི་སྐབས་སུ་ད་གཟོད་རང་ལ་རྒྱ་ཡིག་གི་ཤེས་ཚད་དམན་པ་ཡང་ས་ཕྱར་ན་རྡོ་ལ་ལྷང་ལ་འབུད་པའི་ཚུལ་དུ་བུད་སོང་། ནམ་རྒྱུན་ཤེས་མདོག་བསྟན་པ་དེ་ཡང་ད་ཚོད་གཞི་ནས་རང་མཚང་ཕྱི་རུ་བསྒྲགས་པ་ཡིན་པའི་ངེས་ཟིན་ཐོབ་སོང་བས་སྔོན་ཆད་ཀྱི་བྱ་སྤྱོད་ཡ་མ་བརླ་དེ་དག་ཇི་འདྲའི་ཡ་ང་བ་ལ་སྙམ་པ་དྲན། གང་ལྟར་ཁོ་བོས་ཤེས་འཇོན་གྱིས་མ་འདང་བས་གྲོགས་པོ་གང་གི་རེ་བ་སྟོང་ཟད་དུ་མི་གཏོང་ཀ་མེད་བྱུང་ཡང་། དོན་དེ་ལ་བརྟེན་ནས་རང་གི་རྒྱ་ཡིག་གི་གནས་བབ་ནི་ཤིན་ཏུ་ཐབས་སྐྱོ་བོ་ཡིན་པའི་གནད་དོན་དེ་གསལ་བར་ངོ་འཕྲོད་པས། འདི་ཡང་རང་གི་བློ་སྐྱེད་དམ་རང་ངོ་ཤེས་པའི་ཆ་རྐྱེན་གལ་ཆེན་ཞིག་ཅི་ལ་མིན། འདི་ཡིས་མུ་ནས་རྒྱུ་ཡིག་གི་ཤེས་ཚད་མཐོར་འདེགས་སུ་གཏོང་དགོས་པའི་ཉེན་བརྡ་ཡང་བཏང་བའོ།། རང་སྐྱོན་རི་བོ་འདྲ་ཞིག་ངོས་ཟིན་པ་འདི་ནི་གྲོགས་པོ་ཁོང་གི་སྐུ་དྲིན་ལགས་ན། ཁོང་ལ་ཐུགས་རྗེ་ཆེའོ།།