ཡིད་སྐྱོ་བའི་འདས་དོན་ཞིག
མདང་ནུབ་ངའི་རྨི་ལམ་དུ་ཡང་བསྐྱར་མི་དེ་རྨིས་བྱུང་། ཞོགས་པར་ཡར་ལངས་དུས་སེམས་སུ་མི་དེ་ཡང་ཡང་འཁོར་བྱུང་བས། སྐད་འཕྲིན་ལས་མི་དེེར་ཞོགས་པ་བདེ་ལེགས་ཞེས་འཚམས་འདྲི་ཞིག་ཞུས་པ་ཡིན། མི་དེ་དང་ངེད་གཉིས་ཀྱི་འབྲེལ་བ་ནི་འདི་ལྟར་ཡིན་ཏེ། མཐོ་སྒང་གི་ཡུལ་ན་ཚ་བ་ཤིན་ཏུ་ཆེ་བའི་དབྱར་ཁ་ཞིག་ལ། ང་རང་དབྱང་གནང་བཏང་ནས་ཕ་ཡུལ་དུ་ལོག་པ་དང་གཟའ་འཁོར་གཅིག་གི་རིང་ལ་ཁྱིམ་ནས་ལས་ཀ་སོགས་ཅི་ཡང་མ་བྱས་པར་ངལ་གསོས་རྗེས། ཁང་བ་འཛུགས་སྐྲུན་བྱེད་ས་ཞིག་ལ་སོང་ནས་ལས་ཀ་ལས་པ་ཡིན། ངའི་ལས་ཀ་གཙོ་བོ་རྒྱ་མི་ལས་ཀ་བ་དག་ལ་ལག་རོགས་བྱས་ཏེ་སོ་ཕག་དང་ཨར་འདམ་ཕར་སྐྱེལ་ཚུར་སྐྱེལ་བྱེད་རྒྱུ་དེ་ཡིན་ཞིང་། ཉིན་རེར་དུས་ཚོད་བཅུ་གཉིས་ཀྱི་རིང་ལ་ངལ་རྩོལ་བྱེད་དགོས། ངའི་རྨི་ལམ་དུ་ཡང་ཡང་འཁོར་བའི་མི་དེ་ནི་གནས་དེ་ནས་ངོ་ཤེས་པ་ཡིན། མོའི་མིང་ལ་སྒྲོལ་དཀར་སྐྱིད་ཟེར་བ་དང་། ཕ་ཡུལ་ཨ་མཆོག་ཧུ་ར་སྨད་མ་ནས་རེད། ད་ལོ་ལོ་བཞི་བཅུ་རེད། མོས་ང་ལ་ཆེས་ཐོག་མར་བཞག་བའི་བག་ཆགས་ནི། ལུས་པོ་རྒྱགས་ལ་ཤ་མདངས་དཀར་དམར་ལྡན་ཞིང་། ནམ་ཡང་སྐད་གསང་མཐོན་པོའི་དགོད་པར་དགའ་བའི་འབྲོག་མོ་ཡ་རབས་ཤིག་རེད། མོ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་ལུས་པོ་ཧ་ཅང་རྒྱགས་ན་ཡང་ཟ་མ་ནི་ཉུང་ཙམ་ཟོས་པས་ལྟོ་བ་འགྲེངས་འགྲོ་བ་རེད། དེ་ནི་ང་ཧ་ཅང་ཡ་མཚན་པའི་གནས་དེ་ཡང་ཡིན། ངེད་གཉིས་ཀྱིས་མཉམ་དུ་ལས་ཀ་གཅིག་སྒྲུབ་ནས་ཡུན་རིང་སོང་རྗེས། ངས་སྒྲོལ་དཀར་སྐྱིད་ཀྱི་གནས་ཚུལ་མང་པོ་ཞིག་ཤེས་སོང་།
ཉིན་ཞིག་ཆར་བ་བབས་ནས་ང་ཚོས་ལས་ཀ་སྒྲུབ་མ་ཐུབ་པས། སྒྲོལ་དཀར་སྐྱིད་དང་ངེད་གཉིས་ཀྱིས་ཁོམ་སྐབས་དེ་སྤྱད་ནས་ཁང་སྟོང་ཞིག་གི་ནང་དུ་ཁ་བརྡ་གློད་པ་ཡིན། ཐོག་མར་ངས་མོ་ལ་ང་ནི་ད་ལྟ་ནུབ་བྱང་མི་རིགས་སློབ་ཆེན་ན་རྩོམ་རིག་གི་ཆེད་ལས་སློབ་གཉེར་བྱེད་ཀྱིན་ཡོད་ཅེས་བཤད་པ་དང་། དེ་དང་འབྲེལ་ནས་ང་རང་གི་སློབ་གྲྭའི་གནས་ཚུལ་འགའ་མོ་ལ་བཤད་པ་ན། སྒྲོལ་དཀར་སྐྱིད་ཀྱིས་ང་ལ་རང་ཉིད་ཀྱི་དངོས་སུ་བརྒྱུད་མྱོང་བའི་འཚོ་བ་གླེང་མགོ་བརྩམས་བྱུང་། མོས་ཁ་ཤུབས་ཕུད་རྗེས་ངོ་ཡི་ས་རྡུལ་དག་གཙང་མར་ཕྱིས་ནས། ང་ལ་གཏད་དེ་འཛུམ་ཙམ་བྱས་པ་དང་ཧ་ཅང་གཟབ་ནན་གྱི་སྒོ་ནས། ངས་ད་བར་བརྒྱུད་པའི་གཏམ་རྒྱུད་དག་ཁྱེད་ལ་བཤད་ན་དངོས་གནས་བཤད་མི་ཚར་བ་ཞིག་ཡིན། དེ་ལས་ངས་ཁྱེད་ལ་ངའི་འདས་དོན་ཞིག་བཤད་ཅེས། གཏམ་སྣེ་བསླངས་བྱུང་། ང་རང་ཆུང་དུས་ནས་བཟུང་སློབ་གྲྭ་སོགས་གང་ལ་ཡང་འགྲོ་མ་མྱོང་བས་ཡི་གེ་གཡག་འདྲ་འདྲ་དག་བྲིས་ནས་བསྟན་ཀྱང་ངོས་མི་ཟིན་ཁོ་ཐག་ཡིན། ངའི་ཨ་མ་ཆུང་དུས་ཤིག་ནས་ནད་གཞི་ལྕི་མོ་ཞིག་ལས་མ་ཐར་བར་ཚེ་ལས་འདས་སོང་བ་དང་། ཨ་ཅེ་ཆེ་བས་ཨ་མའི་ཚབ་བྱས་ནས་ང་ཚོ་མིང་སྲིང་ཚོ་གཉོར་བ་རེད། དེ་ལྟར་ང་རང་ལོ་བཅུ་བདུན་ལ་སོན་པའི་སྐབས་སུ། མག་གསར་སྡེ་བའི་ནང་གི་གསར་བུ་ཞིག་དང་འཕྲད་ནས་ཁོ་ཚང་ལ་མནའ་མར་སོང་བ་ཡིན། ཁོའི་མིང་ལ་བཀྲ་ཤིས་ཟེར། ཁོའི་ཨ་མའི་མིང་ལ་སྒྲོལ་མ་ཟེར་བ་དང་ད་རུང་ཁོ་ལ་སྲིང་མོ་ཞིག་ཡོད་པ་དེའི་མིང་ལ་བདེ་སྐྱིད་ཟེར། ཁོའི་ཨ་ཕ་ཁོ་ཆུང་དུས་ཤིག་ནས་ཚེ་ལས་འདས་་སོང་ཟེར། ཟོག་གི་ཁྲ་ཁྲ་ཕྱི་དང་མི་ཡི་ཁྲ་ནང་ཟེར་བ་ལྟར། ང་བཀྲ་ཤིས་ཚང་ལ་མནའ་མར་ཡོང་མ་ཐག་གཟའ་མི་ཚང་མ་བཟང་བོ་ཏག་ཏག་རེད་བསམ་བྱུང་། མི་ཡི་ཁྲ་ཁྲ་ནང་ན་ཡོད་ཟེར་བ་ཅིས་མ་བདེན། ཟླ་ཁ་ཤས་སོང་བ་ན་ཨ་མ་སྒྲོལ་མ་དང་བུ་མོ་བདེ་སྐྱིད་གཉིས་ཀྱིས་ང་རང་ཕྱི་མི་ལ་བརྩིས་ནས། ལས་ཀ་སྒྲུབ་པ་མི་འགྲིག་རབས་དང་འབྲི་མོ་བཞོས་ན་དཀར་གསོག་མེད་རབས་སོགས། ངས་ལས་ལས་ཐམས་ཅད་ལ་ངན་སྨྲས་བྱས་ནས་རི་སྡེ་བ་ལ་ཁྱབ་བསྒྲགས་བྱས། སྐབས་དེར་ངའི་སེམས་སུ་རང་གིས་ལུས་ཤུགས་ཡོད་དགུ་བཏོན་ནས་འབད་པ་བྱས་ན། མི་ཁ་ལ་སྐྲག་དགོས་དོན་མེད་སྙམ་ཞིང་། ཁོང་གཉིས་ཀྱིས་ཀྱང་ང་ལ་ལྟ་སྟངས་བསྒྱུར་རྒྱུ་རེད་འདོད། ཉིན་ཞིག་གི་ཞོགས་ཟས་བཟའ་དུས་ང་ལ་ཡི་ག་མེད་པར་སྐྱུག་བྲོ་བའི་རྣམ་པ་ཞིག་བྱུང་བས་རང་ལ་མངལ་སྦྲུམ་ཡོད་པ་ཚོར་བྱུང་། ཡིན་ན་ཡང་ཨ་མ་སྒྲོལ་མ་དང་བདེ་སྐྱིད་ལ་བཤད་མ་ཕོད་པར་བཀྲ་ཤིས་ལ་བཤད་པ་ཡིན། བཀྲ་ཤིས་ཀྱིས་ཨ་མ་སྒྲོལ་མ་ལ་བཤད་ཀྱང་མོས་དོ་སྣང་ཅི་ཡང་མི་བྱེད་པར། བྱིས་པ་བཙལ་རྒྱུ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཡིན་པས་དེར་ཡ་མཚན་རྒྱུ་ཅི་ཡོད་ཟེར། ངས་ཀྱང་སྔོན་ཆད་བྱིས་པ་བཙས་མ་མྱོང་བས་ཅི་ཡང་མི་ཤེས་པས། རྒྱུན་ལྡན་ལྟར་དབྱར་ཆར་ཆུའི་ནང་དུ་འབྲི་མོ་འཇོ་བ་དང་། རྟ་ཞོན་ནས་ཕྱུགས་རྫི་ལ་སོང་བ་ཡིན།
ལོ་ཟླའི་བཞུད་རྒྱུན་རིང་མོ་ཕར་སོང་པ་དང་ངའི་སྐྱེས་ཟླ་ཡང་ཐོན་བྱུང་བས། ཆར་བ་ཤག་ཤག་ཏུ་འབབ་པའི་སྟོན་ཁ་ཞིག་ལ། ཨ་མ་སྒྲོལ་མ་དང་བདེ་སྐྱིད་གཉིས་རྫོང་ཐོག་ལ་འཆམ་འཆམ་དུ་སོང་བ་དང་། བཀྲ་ཤིས་ཕྱུགས་རྫི་ལ་བུད་སོང་བས། ཁྱིམ་ན་ང་གཅིག་པུ་ལས་མེད། ཞོགས་པར་ངས་འབྲི་མོ་བཞོས་ཚར་རྗེས་འོ་མ་ཁྱེར་ཏེ་ཁྱིམ་ལ་ཐོན་ཁར། གློ་བུར་དུ་ན་ཟུག་སྲོན་མི་ཐུབ་པ་ཞིག་སྐྱེས་བྱུང་། དེ་ནི་བུ་མོ་ཞིག་ལ་མཚོན་ན་འཇིག་རྟེན་འདིར་ཆེས་སྐྲག་དགོས་པའི་དོན་དག་སྟེ། ཕྲུ་གུ་བཙའ་བའི་སྐྱེས་གཟེར་ཡིན་པ་ཚོར་བྱུང་། ངས་མྱུར་སྟབས་ཀྱིས་བཞོ་ཟེའུ་ཁྱིམ་ལ་བཞག་ནས། ཁེ་གྲི་དང་བལ་སྐུད་ཅིག་ཟུར་དུ་བཟུང་ནས་མལ་སར་ཉལ་བ་ཡིན། སྐྱེས་གཟེར་ཇེ་ཆེར་སོང་བ་དང་བསྟུན་ནས་ངའི་ལུས་ཤུགས་ཟད་སོང་ལྟ་བུའི་སྣང་བ་ཞིག་ཤར་བྱུང་། ཡིན་ཡང་དེ་ནི་བཤོལ་ཐབས་མེད་པ་ཞིག་ཡིན་པས། དཀོན་མཆོག་གསུམ་པོར་གསོལ་བ་ཞིག་བཏབ་ནས་ཕྲུ་གུ་དེ་སྐྱེ་རྒྱུར་ནུས་ཤུགས་ཡོད་དགུ་བཏོན་པ་ཡིན། བར་སྐབས་ཤིག་ནས་ངའི་ཚོར་བ་ཉམས་ཏེ་ཅི་ཡང་ཚོར་མ་བྱུང་། དུས་ཡུན་ཅི་ཙམ་ཞིག་འགོར་སོང་བ་ངས་མ་ཤེས་མོད། ང་བརྒྱལ་བ་ལས་སད་དུས། བཀྲ་ཤིས་ཐོན་ཏེ་བྱིས་པར་ལྟེ་བྱས་ནས། ང་ལ་རྩམ་ཁུ་ཞིག་སྐོལ་འདུག ངས་ཐོད་པའི་རྔུལ་ཆུ་ཕྱི་ཞོར་བྱིས་པ་དེ་མཐོང་སྐབས་སེམས་ལ་བཤད་མི་ཤེས་པའི་དགའ་བ་ཞིག་སྐྱེས་བྱུང་། ཕྱི་དྲོར་ཨ་མ་སྒྲོལ་མ་དང་བདེ་སྐྱིད་ཕྱིར་ཐོན་པ་ན། ཨ་མ་སྒྲོལ་མས་ཨ་གསར་གྱི་ཚུལ་དུ་བྱིས་པ་ལ་འོ་བྱེད་པ་དང་པང་དུ་བླངས་ནས་གཅེས་གཅེས་བྱས་ཏེ། ང་ལ་ད་ནས་བཟུང་ཁྱོད་ཀྱིས་ལས་ཀ་སྒྲུབ་ཡག་བྱོས་དང་། མི་གཅིག་ཇེ་མང་ལ་སོང་བས་འགྲོ་སོང་སྔར་ལས་ཆེ་བ་རེད། སྔོན་ཆད་ངས་ཀྱང་ཕྲུ་གུ་བཙས་པའི་ཕྱིར་ཉིན་ནས། ཆར་ཆུའི་ནང་དུ་འབྲི་མོ་འཇོ་བ་དང་ཕྱུགས་རྫི་བྱས་ནས་ཡོང་བ་ཡིན་ཞེས་ཉམས་མྱོང་ཡོད་མདོག་གིས་བཤད་པས། ངས་ཅི་ཡང་མ་བཤད་པར་བཀྲ་ཤིས་ཀྱིས་སྐོལ་བའི་རྩམ་ཁུ་དེ་བཏུང་རྗེས་ཆུ་ལྷམ་གོན་ནས་ལྷས་རར་སོང་པ་ཡིན།
བཤད་མཚམས་འདིར་སླེབས་དུས་ངས་གློ་བུར་དུ་མོ་ལ། དེས་ན་བྱིས་པ་དེ་ད་ལྟ་གང་ན་ཡོད་ཅེས་དྲི་བ་ཞིག་ཤོར་སོང་། སྒྲོལ་དཀར་སྐྱིད་ཀྱིས་ཡིད་ཕངས་བའི་ཚུལ་གྱིས། ངའི་ཤ་ལས་མཆེད་པའི་བྱིས་པ་དེར་གློ་བུར་དུ་གློ་ཚ་ཚབ་ཆེན་ཞིག་རྒྱབ་ནས་སྲོག་ཤོར་སོང་བ་རེད། ཕྲུ་གུ་དེ་ནི་ངའི་མི་ཚེ་འདིའི་ཕྲུ་གུ་གཅིག་པུ་ཡིན། ཕྲུ་གུ་དེ་བཙས་རྗེས་ཚན་རིག་དང་མཐུན་པའི་ལུས་ངལ་མ་གསོས་པ་དང་། སྨན་ཁབ་སོགས་ཅི་ཡང་མ་བྱས་པའི་རྐྱེན་གྱིས་རྗེས་ཕྱོགས་ངའི་ཕྲུ་གུ་བཙའ་བའི་ནུས་པ་ཤོར་སོང་། སྐད་ཆ་འདི་ཐོས་སྐབས་ངས་སྒྲོལ་དཀར་སྐྱིད་ཀྱིས་ཟ་མ་མང་པོ་མ་ཟོས་ཀྱང་། ལུས་དེ་འདྲའི་རྒྱགས་པོ་ཆགས་འདུག་པའི་དོགས་གཞི་རྟོགས་སོང་། དེ་ནི་ང་བུ་མོ་ཞིག་མ་གཏོགས་མི་སུ་འདྲ་ཞིག་གི་ཐོག་ལ་བྱུང་ན་ཡང་བཟོད་མི་ཐུབ་པ་ཞིག་རེད། ཨ་མ་སྒྲོལ་མ་དང་བདེ་སྐྱིད་གཉིས་ངའི་ཐོག་ལ་མི་བཟང་བའི་ཁར། རང་གི་བྱིས་པ་དེ་ཡང་མེད་སོང་བ་དང་། ལྷག་ཏུ་རྗེས་ཕྱོགས་བྱིས་པ་བཙལ་མི་ཐུབ་པའི་དོན་དག་སོགས་རྐྱེན་བྱས་ནས། ང་ཡང་ཁྱིམ་ཚང་དེ་ནས་འདུག་མི་འདོད་པར་ཕྱིར་རང་ཁྱིམ་ལ་ལོག་འདོད་ཅིག་སྐྱེས། ཡིན་ན་ཡང་རང་གི་བཟའ་ཚེ་རོགས་དེ་ཡང་སྐྱུར་མི་འདོད་པས། མུ་མཐུད་དུ་ཨ་མ་སྒྲོལ་མའི་ཁ་ངོའི་དཀར་ནག་འཚོས་པ་ཡིན། ཉིན་ཞིག་ངས་འབྲི་མོ་ཞིག་འཇོ་བའི་སྐབས་སུ། འབྲི་མོ་དེས་མཆོང་ལྡིང་ཞིག་བྱས་ཏེ་ངས་བཞོས་པའི་འོ་མ་དག་ས་ལ་བྱོ་སོང་། ཨ་མ་སྒྲོལ་མས་འོ་མ་ས་ལ་བྱོ་བ་མཐོང་ནས། ང་ལ་ཁྱོད་ལྟ་བུའི་མནའ་མ་ཞིག་ཡོད་པ་ལས་མེད་ན་དགའ། ད་ད་ནས་རང་གི་ཁྱིམ་ངན་འཐེན་ནས་སོང་ཞེས་ང་ལ་དམོད་པ་བོར། ངའི་སེམས་ལ་གྲང་གྲང་ཤུར་གྱི་སྐྱོ་བ་ཞིག་སྐྱེས་པ་དང་། མོ་ལ་ལན་ཞིག་ལོག་པར་འདོད་ཀྱང་བཀྲ་ཤིས་ནི་ངའི་སྙིང་གྲོགས་དེ་ཡིན་ལ། སྒྲོལ་མ་ཡང་ཁོའི་ཨ་མ་ཡིན་པས་ཁོ་ལ་གནོད་ཨེ་འགྲོ་སྙམ་ནས་ཅི་ཡང་མ་བཤད། དགོང་མོ་ང་བཀྲ་ཤིས་ལ་ནོར་འདེད་རོགས་ལ་སོང་དུས། ནོར་ལྷས་རར་བསྡུ་རྒྱུར་ད་རུང་དུས་ཚོད་ཅུང་ཙམ་ཡོད་པས། ངེད་གཉིས་རྩྭ་ཐང་གི་པང་དུ་ལྷན་དུ་སྡོད་པའི་གོ་སྐབས་ཞིག་ལྡན་སོང་། དེ་དུས་རྒོད་ཐང་དཀར་མ་གཏོགས་རིག་ནི་མེད་ལ། འབྲི་ཐུལ་དཀར་མ་གཏོགས་གོ་ནི་མེད་པས། ངས་བཀྲ་ཤིས་ལ་ཨ་མ་སྒྲོལ་མས་ང་ལ་འཛིན་པའི་ལྟ་སྟངས་དང་དེ་རིང་བཤད་པའི་སྐད་ཆ་དག་བརྗོད་འདང་བྱས་ཀྱང་། བཀྲ་ཤིས་ཀྱི་བརྟན་བརླིང་གི་གཤིས་སྤྱོད་དང་། དུས་རྒྱུན་དུ་ང་ལ་ཞེ་འདང་ཆེ་བས་ང་འགྲོ་རྒྱུ་ཟེར་ན། ཁོ་ཡང་སྡུག་ལ་གཏད་འགྲོ་བས་བཤད་མ་ཕོད་པར། ཁོའི་ཕྲག་པར་མགོ་བོ་ཁེན་ནས་ཅུང་ཙམ་བསྡད་པ་ན། ངའི་སེམས་ཀྱི་སྐྱོ་བ་འགོག་ཐབས་མ་ཐུབ་པས། མིག་ཆུ་ནི་རང་འབབ་ཆུ་དང་འདྲ་བར་ངའི་ངོ་གདོང་བརྒྱུད་ནས་ཁོའི་བོད་ལྭ་རློན་པ་བྱས་སོང་། བཀྲ་ཤིས་ཀྱིས་ང་ངུ་བ་མཐོང་ནས། ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར་དུ། ཁྱེད་ལ་སེམས་གཏམ་ཞིག་ཡོད་དམ། ཡང་ན་ངའི་ཨ་མ་དང་སྲིང་བདེ་སྐྱིད་གཉིས་ཀྱིས་ཁྱེད་ལ་སྡིགས་མོ་བྱེད་པ་རེད་ཅེས་དྲིས་པར། ངས་ལན་ཅི་ཡང་འདེབས་མ་ཐུབ་པར་ལུས། བཀྲ་ཤིས་ཀྱིས་ངའི་ལན་ལ་སྒུག་ཞོར་བསམ་གཞིག་ཅིག་གཏོང་གི་ཡོད་པ། ཁོའི་ཕྱིི་ཡི་རྣམ་འགྱུར་དུ་མངོན་འདུག་ཀྱང་ང་ལ་ཡང་བསྐྱར་མ་དྲིས་པར། ང་ལ་དོན་གང་འདྲ་ཞིག་ལ་ཐུག་ཀྱང་ངས་ཁྱོད་སྡུག་ལ་མི་སྦྱར་ཁོ་ཐག་ཡིན་ཞེས་བཤད། ཚིག་དེ་དག་ནི་རྣ་བར་སྙན་ལ་ཡིད་སེམས་འགུག་པར་བླ་ལྷག་གི་ནུས་པ་ཞིག་ཡོད་པས། ངས་སེམས་སུ་དོན་གང་འདྲ་ཞིག་ཐུག་ཀྱང་ང་ཁྱེད་ཀྱི་ཆུང་མ་བྱས་ནས་འདུག་རྒྱུ་ཡིན་སྙམ།།
མཚན་མོར་ནོར་རྣམས་རྡང་ལ་བཏགས་ནས་ཁྱིམ་དུ་ལོག་དུས་བདེ་སྐྱིད་ཀྱིས་ཐུག་པ་ཞིག་སྐོལ་ནས། ཁྱིམ་མི་ཚང་མ་འཛོམས་པར་སྒུག་འདུག བཀྲ་ཤིས་གཡས་གྲལ་གྱི་ཨ་མ་སྒྲོལ་མའི་ཟུར་ནས་བསྡད་པ་དང་། ང་གཡོན་གྲལ་ནས་བདེ་སྐྱིད་དང་ལྷན་དུ་བསྡད་པ་ཡིན། ང་ཚོས་ཐུག་པ་བཏུང་ཚར་རྗེས་མ་ཎི་ལག་འཁོར་ཞིག་ཡོད་པ་དེ་གཡས་སྐོར་བྱས་ནས་མི་རེ་རེས་ཐེངས་དུ་མར་བསྐོར་རྗེས། དུས་རྒྱུན་ལྟར་ཁྱིམ་ཚང་ནང་གི་ཁ་བརྡ་བྱས་པ་ཡིན། བདེ་སྐྱིད་ཀྱིས་བཤད་རྒྱུར། དེ་རིང་ནི་ཁ་སང་ལས་འོ་མ་ཉུང་བ་དང་མར་དང་ཕྱུར་བ་ཡང་དེ་ལྟར་རེད་ཟེེར། དེའི་འཕྲོར་ཨ་མ་སྒྲོལ་མས། འོ་ལེ། སྡེ་བའི་མནའ་མ་ཚང་མ་དཀར་གསོག་ཅན་ཏག་ཏག་རེད། ངེད་ཚང་དེ་ཚོ་དང་མི་འདྲ་ཞེས་ཟུར་ཟའི་མདའ་མོ་སྒྲོལ་དཀར་སྐྱིད་ལ་གཏད། སྒྲོལ་དཀར་སྐྱིད་ཀྱིས་ཨ་མ་སྒྲོལ་མའི་ཚིག་དེ་རང་ཉིད་ལ་བཤད་པ་ཤེས་ཀྱང་མི་ཤེས་ཁུལ་གྱིས། དོན་དག་གཞན་ཞིག་བཤད་པར་གྲ་སྒྲིག་བྱེད་དུས། བཀྲ་ཤིས་ཀྱིས་ཧ་ཅང་གཟབ་ནན་གྱིས་ངང་ནས། ཨ་མ། ཁྱེད་ཀྱིས་ནམ་ཡང་སྒྲོལ་དཀར་སྐྱིད་ཀྱི་སྐྱོན་ཏག་ཏག་བརྗོད་པ་ངས་སེམས་ལ་བཟུང་ཡོད། ཡིན་ཡང་དོན་གྱིས་སྒྲོལ་དཀར་སྐྱིད་དེ་འདྲ་ཞིག་ཡིན་ནམ། ཁྱེད་ཀྱིས་རྒྱུ་འབྲས་ཀྱི་སྐད་ཆ་ཞིག་བཤད་པར་རེ་ཞེས་བཤད་དུས། ཨ་མ་སྒྲོལ་མས་སྐད་ཆ་དེ་ཐོས་མ་ཐག་ཁ་སྤོ་ཁོག་ནས་ལངས་པ་དང་ཞེ་སྤོ་གཏིང་ནས་ལངས་སྟེ། བུ་ངན། ཁྱེད་མནའ་མའི་ས་ནས་འདུག་ཅན་པོ་རེད་ལ། ངས་སྔ་སེ་ནས་དེ་འདྲ་ཞིག་ཡིན་པར་འདོད་ཡོད། ཁྱེད་བཟའ་ཟླ་གཉིས་ཀྱིས་ང་རྒན་མོ་ཞིག་ལ་ཐུབ་ཚོད་བྱེད་ཅན་པོ་རེད་ལ། ཡིན་ན་དེ་རིང་ནས་མནའ་མ་ཁྲིད་དེ་བུད་ལ་སོང་། ང་ལ་ད་རུང་བུ་མོ་བདེ་སྐྱིད་ཡོད་པས་ཁྱེད་གཉིས་མེད་ན་ཡང་ངས་སྔར་བཞིན་འཚོ་བ་རོལ་ཐུབ་ཅེས་དབུགས་ཐེངས་གཅིག་གིས་བཤད། སྐབས་དེར་བཀྲ་ཤིས་ལ་གནས་ལུགས་དང་རྒྱུ་མཚན་ཇི་འདྲ་ཞིག་བཤད་རྒྱུ་ཡོད་ཀྱང་། ཨ་མ་སྒྲོལ་མའི་ས་ནས་དེ་ནི་ཕྱོགས་ཞེན་གྱི་སྐད་ཆར་གྱུར་འདུག་པས། ཅི་ཡང་མ་བཤད་པར་ཡུན་ཙམ་ལ་བསྡད། ཨ་མ་སྒྲོལ་མའི་རྒྱལ་ཁ་ཡོད་མདོག་གི་ཕྲེང་བ་འདེད་ཞོར། མནའ་མ་སྒྲོལ་དཀར་སྐྱིད་ལ་མིག་ཟུར་གིས་བལྟ་བཞིན་བསྡད། སྒྲོལ་དཀར་སྐྱིད་ཀྱིས་གྲང་ཤུར་ཤུར་གྱི་སེམས་པའི་ཀློང་ནས། ད་ནི་དངོས་གནས་ཨ་མ་སྒྲོལ་མའི་འདོད་ཐོག་ལ་མ་བཞག་ན། རང་ཉིད་ལ་ཁྱིམ་ཚང་འདི་ནས་འདུག་སྐལ་ཞིག་མེད་པར་འདོད་ཀྱང་བཀྲ་ཤིས་ཀྱིས་ཅི་ཟེར་ལ་སྒུག མཚམས་འདིར་བཀྲ་ཤིས་ཀྱིས་ཧ་ཅང་ཐག་ཆོད་པོའི་སྒོ་ནས། ང་ནི་ཁྱིམ་ཚང་འདིའི་སྐྱེས་པ་གཅིག་པུ་ཡིན་པས། ངས་ཁྱེད་ཚོར་བདག་སྐྱོང་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས་པ་རེད། ཡིན་ན་ཡང་ཁྱེད་ཚོར་ནང་མཐུན་མེད་ན་ཚེ་གཅིག་གི་འཚོ་བ་འདི་ལྟར་སྐྱེལ་ཐུབ་རྒྱུ་མ་རེད། དེ་བས་སང་ཉིན་ནས་ངས་སྒྲོལ་དཀར་སྐྱིད་རང་ཡུལ་ལ་བསྐྱལ་འཇོག ལོ་འདི་དག་གི་རང་ལ་མོས་ངེད་ཚང་ནས་ལུས་ངལ་དང་སེམས་ངལ་མང་པོ་ཞིག་རེག་སོང་། དེ་བས་མོ་ལ་རྒྱུ་ནོར་མི་དམན་པ་ཞིག་སྦྱིན་དགོས་ཞེས་ཐག་གཅོད་བྱས། བཀྲ་ཤིས་ཀྱི་སྐད་དེ་དག་ཐོས་སྐབས་ཨ་མ་སྒྲོལ་མས། ང་ལ་འཁོར་ནས་ད་ཁྱོད་ཀྱིས་གོ་སོང་ངམ། མགྱོགས་པོར་སོང་ཞེས་བཤད། ཡིན་ན་ཡང་སྐབས་དེ་ནི་མུན་པའི་སྨག་རིམ་གྱོན་ནས་གཉིད་དུ་ཡུར་བའི་སྐབས་ཤིག་ཡིན་པས་ང་འགྲོ་མ་ཐུབ། མཚན་མོ་དེར་བཀྲ་ཤིས་ངེད་གཉིས་མལ་ས་གཅིག་ནས་ཉལ་ཏེ། ཕན་ཚུན་ལ་ཅི་ཞིག་བཤད་འདོད་པའམ་ཅི་ཞིག་བཤད་དགོས་པ་ཡང་མི་ཤེས་པར། ཡོད་ཚད་མཚན་མོའི་སྨག་རིམ་ལ་སྤྲད་དེ་ལྷིང་འཇགས་ཀྱི་ངང་ནས་མཚན་མོ་དེ་སྐྱེལ་དགོས་བྱུང་། ངེད་གཉིས་འདི་ལྟར་སང་ཉིན་ནས་ཁ་ཁར་འགྲོ་དགོས་པ་དྲན་དུས་མིག་ཆུ་རང་དབང་མེད་པར་བཞུར་ཡོང་། ངས་བཀྲ་ཤིས་ཀྱི་བྲང་ཁར་མགོ་བོ་གླན་ནས་འདུག་སྐབས། ཁོའི་སྙིང་གི་འཕར་ཚད་ཧ་ཅང་མགྱོགས་པ་དེས། ཁོའི་སེམས་ཀྱི་སྐད་ཆ་ང་ལ་མ་བཤད་ན་ཡང་ངས་རྟོགས་ཐུབ་ཀི ང་ཚོ་བོད་མི་ཞིག་ལ་མཚོན་ན་ཕ་མར་ཞབས་གཡོག་སྒྲུབ་རྒྱུ་ནི་འཁོར་བའི་ཆོས་ཉིད་དུ་བརྩི་བས། བཀྲ་ཤིས་ཀྱིས་ང་དང་ཨ་མ་སྒྲོལ་མ་གཉིས་ལས་ཨ་མ་སྒྲོལ་མ་བདམས་པར་ང་ལ་བསམ་འཆར་ཅི་ཡང་མེད། ཡིན་ནའང་ཁོ་དང་ཚིག་སྣེ་ཞིག་ཀྱང་མ་ཐུག་པར་སྐྱུར་རྒྱུ་ནི་སེམས་ནས་དཀའ་མོ་ཞིིག་ཡིན་མོད། ལས་ལ་བསྒྱུར་ཐབས་མེད་པས་ང་རང་ཅིས་ཀྱང་ཁོ་དང་བྲལ་དགོས་བྱུང་སོང་།།
མཚམས་འདིར་ངས་སྒྲོལ་དཀར་སྐྱིད་ཀྱི་མིག་མཐའ་མཆི་མས་གང་བ་མཐོང་ནས། ཅི་བྱེད་འདི་བྱེད་མེད་པར་གཙང་ཤོག་ཞིག་ཁྱེར་ནསས་མོ་ལ་བྱིན། མོས་མིག་ཆུ་ཕྱིས་ནས་ང་ལ་ཕྱོགས་ཏེ། ཁྱེད་ནི་བུ་མོ་ལས་ཡག་ཅིག་རེད།སློབ་གྲྭར་འགྲོ་ཐུབ་སོང་བ་འདི་ཧ་ཅང་འགྲིག་སོང་། དེ་མིན་ན་སྡེ་ངོ་འཚོ་དགོས་ན་དེ་ལས་དཀའ་ཞིག་མེད། ད་དུང་མུ་མཐུན་དུ་སློབ་སྦྱོང་ལ་འབད་བརྩོན་བྱོས་དང་། བུ་མོ་ཞིག་གི་ལས་དབང་བསྒྱུར་སྤྱད་གཅིག་པུ་ནི་ཤེས་བྱ་ཡོན་ཏན་རེད། ཡོན་ཏན་ཞིག་སྦྱངས་མ་ཐུབ་ན་ང་དང་ང་འདྲ་བ་རེད། ས་གང་ཞིག་ལ་སོང་ནའང་ཅི་ཡང་མི་ཤེས་པ་འདི་སྡུག་བསྔལ་ཧ་ཆང་ཆེ་བ་ཞིག་རེད། དེའི་ཁར་ང་ལ་བུ་དང་བུ་མོ་གཅིག་ཀྱང་མེད་པས། གཞུག་གི་འཚོ་བ་ད་དུང་འདི་ལས་ཀྱང་སྡུག་རྒྱུ་རེད། ཡིན་ནའང་འདི་ནི་ངའི་མི་ཚེ་ཡིན་པས་སུ་གཅིག་ལ་ཡང་ལེ་བདའ་བྱེད་ས་མེད་ཅེས་བཤད་པ་ན། ངས་རང་སྒྲོལ་དཀར་སྐྱིད་གྱི་སྡུག་མྱོང་བ་དེར་སྙིང་རྗེ་ཚད་མེད་ཅིག་སྐྱེས་ནས། མོའི་གམ་དུ་ཙོག་པོ་བསྡད་ནས་ལག་པས་མོའི་མིག་ཆུ་ཕྱི་ཞོར། ཨ་ཅེ་ལགས་མ་ངུ་རོགས། མིག་ཆུས་ང་ཚོ་བུ་མོ་ཚོའི་དཀའ་སྡུག་སེལ་མི་ཐུབ། ཁྱེད་ཀྱིས་བཤད་པ་ལྟར་ང་ཚོར་དགོས་པ་ཤེས་བྱ་དང་ཡོན་ཏན་རེད། ཁྱེད་ཀྱིས་འདས་སོང་ལ་སེམས་སྡུག་དེ་འདྲ་མི་བྱེད་རོགས་ཞེས་བཤད་པ་དང་། སེམས་སུ་ང་རང་སློབ་གྲྭར་སོང་ནས་འབད་པ་དཔེ་མེད་ཅིག་བྱས་ཏེ། མ་འོངས་པའི་བོད་མོ་མང་པོ་ཞིག་ལ་དཔེ་ཡག་པོ་ཞིག་སྟོན་པ་ཁྱེད་ལ་དམ་བཅས་པ་ཡིན་ཞེས་པའི་སྙིང་གཏམ་དེ་ཡང་ཤོར་སོང་། ངེད་གཉིས་བཤད་མཚམས་འདིར་སླེབས་དུས་ལས་ཀའི་སྦྱིན་བདག་གིས་ཆར་བ་ཐང་སོང་ཞེས་ངེད་གཉིས་ལས་ཀ་ལས་ས་དེར་བོས་སོང་། སྒྲོལ་དཀར་སྐྱིད་ཀྱི་འདས་སོང་དེ་ངའི་སེམས་ནས་ནམ་ཡང་ཡལ་བར་མེད་པས། མདང་ནུབ་ཁོ་མོ་རྨི་ལམ་དུ་རྨིས་དོན་གཙོ་བོ་ཡང་། སྒྲོལ་དཀར་སྐྱིད་ཀྱི་ཡིད་སྐྱོ་བའི་འདས་དོན་དེས་ལོས་ཡིན་སྙམ།།