བདུན་པ་སྐྱབས་འགྲོ་བསྟན་པ་ལ།

2018-01-20  本文已影响0人  睨视
བདུན་པ་སྐྱབས་འགྲོ་བསྟན་པ་ལ།

བདུན་པ་སྐྱབས་འགྲོ་བསྟན་པ་ལ།

༧  ཁས་དམན་པོ་ལ་དགྲ་བྱུང་ན། །

    རྗེ་དཔོན་མྱུར་དུ་ཚོལ་བ་བཞིན། །

    འཁོར་བའི་འཇིགས་པར་སྐྱོབ་འདོད་ན། །

    རིན་ཆེན་གསུམ་ལ་སྐྱབས་ཚོལ་ཞིག །

ཞེས་པས་ནི།      ཧ་ཅང་ཉམས་ཆུང་དང་ཁས་དམན་པོ་ཞིག་ལ་མི་གསོད་རྒྱུ་འཕྲོག་བྱེད་པའི་དགྲ་བོ་མ་རུང་བ་ཞིག་བྱུང་ན་མྱུར་དུ་དེ་ལས་སྐྱོབས་ནུས་པའི་རྗེ་བོ་དང་དཔོན་ཞིག་འཚོལ་དུ་འགྲོ་བ་ནང་བཞིན་དུ།

འཁོར་བའི་སྡུག་བསྔལ་གྱི་འཇིགས་པ་ལས་ཐར་བར་བྱེད་པའི་སྐྱོབ་ཞིག་འཚོལ་དགོས་ན་རིན་ཆེན་གསུམ་སྟེ་བླ་མ་སངས་རྒྱས་བོན་དང་སེམས་དཔའ་སོགས་དཀོན་མཆོག་ལ་སྐྱབས་དགོས་པ་ཡིན་ནོ་ཞེས་པའོ།

དེ་ཡང་སྐྱབས་གནས་གསུམ་ནི་བསླུ་བ་མེད་པ་སྟེ་སྐྱབས་བློ་ངེས་པ་གསུམ་གྱི་སྒོ་ནས་སྐྱབས་སུ་འགྲོ་དགོས་པ་ཡིན་དེ།  འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ངེས་པ།  དེ་ལས་སྐྱོབས་པའི་ནུས་པ་དཀོན་མཆོག་ལ་ཡོད་པར་ངེས་པ།    དེ་ལ་སྐྱབས་སུ་སོང་ན་མི་བསླུ་བ་ངེས་པ་དང་གསུམ་གྱི་སྒོ་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་དགོས་པ་ཡིན།

དེ་ཡང་མཐའ་ཡས་པའི་མ་རྒན་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ན་ཟིན་དུ་མེད་པའི་སྡུག་བསྔལ་གྱི་རྣམ་གྲངས་བསམ་གྱི་མི་ཁྱབ་པ་དག་ལ་སྤྱོད་ཅིང་དེ་དག་གི་མནར་བཞིན་པ་འདི་དག་སྡུག་བསལ་འདི་དག་ལས་བསྒྲལ་ཏེ།    ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་ཆེད་དུ་སྐྱབས་སུ་འགྲོ་དགོས་སྙམ་དུ་སྦྱོར་བ་སེམས་བསྐྱེད་སོགས་ཚང་པར་བྱའོ།

རྒྱུ་མཚན་ནི་སངས་རྒྱས་སེམས་ཅན་ཐམས་ཅད་འདྲེན་པའི་སྟོན་པ་ཡིན་པས་དེ་ལ་ལམ་སྟོན་པ་དང་།    བོན་ནི་སྐྱོབས་པའི་བདག་ཉིད་ཡིན་པས་དེ་ལ་ལམ་དངོས་དང་། 

གཤེན་རབ་ནི་ལམ་ལ་ཁྲིད་པའི་ས་མཁན་ཡིན་པས་དེ་ལ་ལམ་སྒྲུབ་པས་གྲོགས་ཞུས་ནས་སྒོ་གསུམ་མོས་པ་དང་བཅས་ནས་སྐྱབས་སུ་འགྲོ་དགོས་པ་ཡིན་ནོ།

༧  ནོར་བུ་རིན་ཆེན་མཆོད་བྱས་ན། །

    གང་གིས་མཆོད་ལ་དགོས་འདོད་འབྱུང་། །

    ཡུལ་མཆོག་དེ་ལ་མཆོད་བྱས་ན། །

    གང་གིས་མཆོད་པ་ཐུགས་རྗེས་འཛིན། །

ཞེས་པས་ནི།      དེ་ཡང་དགོས་འདོད་ལྷུན་ལ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་མཆོད་པ་དང་བཀུར་བསྟི་ལེགས་པར་བྱས་ན།    གང་གིས་མཆོད་ན་དེ་ལ་དགོས་འདོད་འབྱུང་བ་ནང་བཞིན་དུ།      ཡུལ་མཆོག་སྟེ་སྐྱབས་གནས་དཀོན་མཆོག་ལ་མཆོད་པ་བྱས་ན་གང་གིས་མཆོད་ན་དེ་ཉིད་ཐུགས་རྗེས་དང་སྙིང་རྗེ་ཆེན་པོས་འཛིན་པར་འགྱུར་བའོ་ཞེས་པ་ལྟར་ཡིན།

དེ་ཡང་སྐྱབས་ཚུལ་ལེགས་པར་སླབ་ནས་སྐྱབས་སུ་འགྲོ་བ་དངོས་ལ་རང་ཉིད་འདུག་པའི་ས་ཕྱོགས་ཐམས་ཅད་གསེར་གྱི་ས་གཞི་ལ་གཡུ་ཡི་རི་མོ་ཡོད་པ།    ཡིད་དུ་འོང་བ།  མནན་ན་ནེམ་པ།  བཏེགས་ན་འཕར་བ།    དེ་ལྟ་བུའི་གཞིའི་མཐའ་སྐོར་དུ་དཕག་བསམ་གྱི་ལྗོན་ཤིང་།  བདུད་རྩིའི་ཆུ་བོ།  རིན་ཆེན་ནོར་བདུན་དང་རྟགས་བརྒྱད་རྫས་བརྒྱད་སོགས་ཀྱི་ཡོངས་སུ་བསྐོར་བའི་ཞིང་ཁམས་སུ་དམིགས་ལ།    དེའི་དབུས་ཀྱི་བར་སྣང་ལ་སྤྲིན་དཀར་འོད་ཀྱིས་ནམ་མཁའི་དབྱིངས་ཀུན་ཁྱབ་པའི་གདན་ལ་སེང་གེ་ཆེན་པོ་བརྒྱད་ཀྱི་བཏེགས་པའི་རིན་པོ་ཆེའི་ཁྲི་ཡི་ཁར་པད་མ་ཉི་ཟླ་བརྩེགས་པའི་གདན་ལ་ངོ་བོ་དུས་གསུམ་སངས་རྒྱས་འདུས་པའི་སྐུ་དྲིན་ཆེན་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་སྟོན་པ་གཤེན་ལྷ་འོད་དཀར་ཞལ་གཅིག་ཕྱག་གཉིས་མཉམ་བཞག་དཀྱིལ་ཀྲུང་གིས་བཞུགས་པ།

ཞི་རྒྱན་བཅུ་གསུམ་དང་ཚངས་པའི་ཚུལ་དགུ་དང་ལྡན་པ།

དེ་ལྟ་བུ་ཞིག་ཞལ་རང་ལ་ཕྱོགས་ནས་བཞུགས་པ་ལ་སྤྱི་བོ་ནས་ཡར་ལ་ཐེག་ཆེན་ཉམས་བརྒྱུད་ཀྱི་བལ་མ་རྣམས་ཀུན་ཏུ་བཟང་པོ་ལ་ཐུག་གི་བར་དུ་རང་རང་གི་རྒྱན་དང་ཆ་ལུགས་རྫོགས་པར་བཞུགས་པ།    གཡས་སུ་ཡེ་ཤེས་མེ་དཔུང་གི་ཀློང་དུ་ཞང་ཕུར་མེ་སྟག་ལ་སོགས་ཡི་དམ་ཁྲོ་བོའི་ལྷ་ཚོགས་རྣམས་སྐུ་མདོག་སྣ་ཚོགས་དུར་ཁྲོད་ཀྱི་ཆས་དང་མཚོན་ཆ་སྣ་ཚོགས་བསྣམས་ནས་ཞབས་འདོར་ཐབས་སུ་བཞུགས་པ།    དེའ་སྟེང་གིི་རྒྱབ་ཕྱོགས་སུ་རྒྱལ་བ་གཤེན་རབ་མི་བོ་ལ་བསྐལ་བཟང་སངས་རྒྱས་སྟོང་རྩའི་བསྐོར་ནས་མཆོག་གི་སྤྲུལ་སྐུའི་ཆ་བྱད་དུ་མཚན་དང་དཔེ་བྱད་ཀྱི་བརྒྱན་ནས་ཞབས་གཡུང་དྲུང་དཀྱིལ་ཀྲུང་གིས་བཞུགས་པ།

བླ་མའི་གཡོན་ཕྱོགས་སུ་འཇའ་ཟེར་མེ་གུར་འཁྲུགས་པའི་དབུས་སུ་མཁའ་འགྲོ་སྐལ་པ་བཟང་མོ་ལ་རིགས་བཞི་གནས་གསུམ་གྱི་མཁའ་འགྲོ་སོགས་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱི་རུས་རྒྱན་གྱི་སྤྲས་ཤིང་གར་སྟབས་སུ་བཞེངས་ནས་བསྐོར་བ།    དེའི་སྟེང་གི་རྒྱབ་ཕྱོགས་སུ་རྒྱལ་སྲས་གཏོ་བུ་འབུམ་སངས་ལ་ཐུགས་སྲས་བརྒྱད་སོགས་གཤེན་རབ་སེམས་དཔའ་རྣམས་ཀྱི་ཚུལ་གོས་རྣམ་གསུམ་གསོལ་ཞིང་མཁར་གསིལ་དང་ལྷུང་བཟེད་བསྣམས་ནས་བཞེངས་ཏེ་བསྐོར་བ།    བླ་མའི་རྒྱབ་ཕྱོགས་སུ་མི་འགྱུར་གཡུང་དྲུང་གི་ཁྲི་ལ་སྐུ་གསུང་ཐུགས་རྟེན་རིས་སུ་བྲིས་པ་འབུར་དུ་དོད་པ་ལུགས་སུ་བླུག་པ་སོགས་བསམ་ལས་འདས་པ་གངས་རི་སྤུངས་པ་ལྟར་བཞུགས་པ།    དེའི་སྟེང་དུ་ཡུམ་ཆེན་མོ་ས་ཏྲིག་ཨེར་སངས་རྫོགས་སྐུའི་ཆ་ལུགས་སུ་ཞི་ཞིང་དུལ་བའི་ཉམས་ཅན་ལ་རྣམ་དག་སྲས་ཡུམ་གྱི་ལྷ་ཚོགས་ཀྱིས་བསྐོར་ནས་བཞུགས་པ།

བླ་མའི་མདུན་ཅང་ཟད་དམའ་བ་ན་མེ་རླུང་འཚུབས་པའི་དབུས་སུ་བཀའ་སྐྱོང་ཡེ་ཤེས་དབལ་མོ་ལ་བསྟན་སྲུང་བའི་བོན་སྐྱོང་ཕོ་མོ་རྣམས་ཀྱི་བསྐོར་ནས་བར་ཆད་སྐྱེན་ཟློག་གི་ཕྱིར་དུ་ཞལ་ཕྱིར་འཁོར་ནས་བཞུགས་པར་སྒོམ་ཞིང་།

དེ་ལྟར་སྐྱབས་གནས་ལྷ་ཚོགས་རྣམས་མེ་ལོང་གི་གཟུགས་བརྙན་ཆུ་ཟླའི་འཁོར་ལོ་འཇའ་ཚོན་གྱི་རི་མོ་ལྟར་དུ།

མཉམ་ལ་མ་འདྲེས་པར་གད་ཡ་ལེ།  འཛུམ་ཤིག་གེ།  འོད་དཔུང་ངེ།  བཀྲ་ཐིབས་སེ།  མཁྱེན་བརྩེ་ནུས་གསུམ་དང་ལྡན་པའི་མདུན་གྱི་ས་གཞི་རུ་རང་ཉིད་ཀྱི་མཐའ་སྐོར་དུ་སྡང་དགྲ་གནོད་བགེགས་གཙོས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་བསྐོར་ནས་ཁྲོམ་ཚོགས་པ་ལྟར་ཀུན་ཀྱི་ཐལ་མོ་སྦྱར་ནས།    ལུས་ངག་ཡིད་གསུམ་མོས་གུས་ཀྱི་སྒོ་ནས་བདག་དང་སེམས་ཅན་ཀུན་དུས་འདི་ནས་བྱུང་ཆུབ་མ་ཐོབ་བར་དུ།    བླ་མ་དཀོན་མཆོག་ཁྱེད་མ་གཏོགས་སྐྱབས་དང་སྐྱོབ་པ།  མགོན་དང་དཔུང་གཉེན།

རེ་ས་དང་ལྟོས་ས་སུ་གང་ཡང་མེད་པའི་ཚེ་འདིས་སྐྱིད་སྡུག་ཕྱི་མའི་ལམ་འདྲེན་གཏན་གྱི་སྐྱབས་གནས་ཁྱེད་ཡིན།

བདག་དང་སེམས་ཅན་ཐམས་ཅད་མཐོ་རུ་གཏོང་ངམ།

དམའ་རུ་གཏོང་ངམ།  ཁྱེད་ཤེས།  ཁྱེད་མཁྱེན།  བདག་ཅག་རྣམས་ཁྱེད་ལ་བསྟེན།  ཁྱེད་ལ་འབུལ་སྙམ་དུ་གདུང་བ་ལུས་བ་སྤུ་ཟིང་མིག་མཆི་མ་འཁྲུགས་པའི་སྒོ་ནས་སྐྱབས་སུ་འགྲོ་དགོས་པ་ཡིན་ནོ།

༧  འཇིག་རྟེན་ནད་རྣམས་ཞི་བ་ལ། །

    སྨན་རྣམས་བསྟེན་པ་བྱེད་བཞིན་དུ། །

    སྲིད་པའི་མཚོ་ལས་སྦྱོང་བ་ལ། །

    མྱུར་དུ་བསྒྲལ་མཛད་སྐྱབས་གནས་བསྟེན། །

ཞེས་པས་ནི།      དེ་ཡང་འཇིག་རྟེན་ཀྱི་ནད་རྣམས་ཞི་བར་བྱེད་དགོས་ན།  ནད་རང་རང་གི་གཉེན་པོ་རུ་གྱུར་བའི་སྨན་རྣམས་མ་བསྟེན་ན་ནད་མི་གྲག་ཅིང་སྨན་རྣམས་བསྟེན་དགོས་པ་ནང་བཞིན།    སྲིད་པ་སྡུག་བསྔལ་ཀྱི་མཚོ་ལ་སྦྱོང་བཞིན་པ་རྣམས་མྱ་ངན་ལས་ཐར་དགོས་ན་ངེས་པར་དུ།    འཁོར་བ་ལས་མྱུར་དུ་བསྒྲལ་ཞིང་སྐྱོབས་པར་མཛད་པའི་སྐྱབས་གནས་དཀོན་མཆོག་ལ་བསྟེན་དགོས་པ་ཡིན་ནོ་ཞེས་པའོ།

དེ་ལྟར་དཀོན་མཆོག་ལ་རང་གི་མཐོང་བའི་གཟུགས་མཛེས་པ་སྒྲ་སྙན་པ་དྲི་ཞིམ་པ་སོགས་མདོར་ན་མཆོད་པའི་རྫས་སུ་གྱུར་ཏོ་ཅག་དངོས་འབྱོར་ཡིད་སྤྲུལ་གྱི་སྒོ་ནས་མཆོད་པར་བྱ་ཞིང་།    ཉལ་བའི་དུས་སུ་དཀོན་མཆོག་སྙིང་དབུས་སུ་སྒོམ་ཞིང་འཁྲུལ་བ་འོད་གསལ་དུ་གྲོལ་བར་གསོལ་བ་གདབ།    འགྲོ་བའི་དུས་སུ་ཕྲག་པ་གཡས་སུ་བསྒོམ་ནས་བསྐོར་བཞིན་འགྲོ།  ཟ་བའི་དུས་སུ་མགྲིན་པའི་ནང་དུ་བསྒོམ་ནས་ཟས་ཕུད་མཆོད།  འདུག་པའི་དུས་སུ་གོང་སྨོས་ལྟར་སྤྱི་བོའི་ནམ་མཁའ་ལ་བསྒོམ་ནས་གསོལ་འདེབས་བྱ་དགོས་པ་ཡིན་ནོ།

གཞན་ཡང་སངས་རྒྱས་ལ་སྐྱབས་སུ་སོང་ན་ཕྱྭ་དང་དབང་ཕྱུགས་སོགས་ལྷ་གཞན་ལ་ཕྱགས་མི་བྱ་ཞིང་བདེ་བར་གཤེགས་པའི་སྐུ་གཟུགས་ཆག་དུམ་ཡན་ཆད་ལ་མོས་གུས་བྱ།    བོན་ལ་སྐྱབས་སུ་སོང་ན་སེམས་ཅན་ལ་གནོད་པའི་སེམས་ཙམ་ཡང་འཛིན་པར་མི་བྱ་ཞིང་གླེག་བམ་དང་ཡི་གེ་འབྲུ་ཙམ་ལ་ཡང་དག་སྣང་བྱ་ཞིང་འགོམ་པ་མི་གཏོང་།  གཤེན་རབ་དང་བླ་མ་ལ་སྐྱབས་སུ་སོང་ན་གྲོགས་མི་སྟེག་པ་དང་མི་འགྲོགས་ཤིང་བླ་མ་དང་དགེ་འདུན་ལ་མོས་པ་དང་ཐ་ན་ལྷན་པ་དམར་པོ་ཙམ་ལ་ཡང་སེམས་དཔའ་དཀོན་མཆོག་གི་འདུ་ཤེས་འཛིན་པར་བྱ།    སྐྱབས་སུ་སོང་བའི་དགོས་པ་ནི།    དགྲ་གདོན་བགེགས་དང་འབྱུང་པོ་མི་དང་མི་མིན་གྱི་གནོད་པ་དང་འཚེ་བའི་མི་འཇིགས་པདང་།  ཕྱི་ནང་གསང་གསུམ་གྱི་སྡོམ་པའི་རྟེན་དུ་རུང་བ།    རང་གི་རྒྱུད་ལ་ཐར་པའི་ས་བོན་འདེབས་པ།

སྔོན་བསགས་ལས་སྒྲིབ་སྲབ་ཅིང་ཟད་པ།    ལམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་བར་བྱེད་པ།

ནང་པ་སངས་རྒྱས་པའི་ཁྱུར་ཚུད་པ་སོགས་ཡིན་ནོ། 

དེས་ན་ད་རེས་བཤེས་གཉེན་བླ་མ་དམ་པའི་དིན་ལས་ཡང་དག་གི་བོན་ཟབ་མོ་ཐོས།    དགེ་སྒྲུབ་སྡིག་སྤོང་གི་བློ་ཅུང་ཟད་རེ་སྐྱེས་པའི་སྐབས་འདིར་སྙིང་ཐག་པ་ནས་ཡུལ་མཆོག་གནས་བཞི་ལ་སྐྱབས་སུ་འགྲོ་བ་ལ་འབད་ནས་དུས་དང་རྣམས་པ་ཀུན་ཏུ་བླ་མ་དང་དཀོན་མཆོག་ལ་བློ་ཕུག་གཏད་དེ།    སྐྱབས་འགྲོའི་སླབ་བྱ་ལ་མི་འགལ་བ་གལ་ཆེའོ།   

གཞུང་དོན་བདུན་པ་སྐྱབས་འགྲོ་བསྟན་པའོ།

上一篇下一篇

猜你喜欢

热点阅读