ཕྱག་འཚལ་ལོ།།

2017-10-29  本文已影响0人  囔美
ཨོཾ

     

ཕྱག་འཚལ་ལོ།།

རྩ་བའི་བླ་མར་བསྟོད་པ་པདྨ་དཀར་པོ།

༄། ། ན་མོ་གུ་རུ།

ས་བཅུར་གནས་པའི་དཔའ་བོ་བླ་མ་མཆོག།

ཇོ་ནང་བསྟན་པའི་མགོན་པོ་རྡོ་རྗེ་འཆང་།།

ཆོས་ཚད་ཐམས་བཅད་མཁྱེན་པའི་སྐྱེས་རབས་ལྷ།།

ཐུགས་རྗེ་ཆེན་པོའི་བླ་མར་སྐྱབས་སུ་མཆིའོ།།

གྲུབ་མཐའ་རིས་མེད་མངའ་བའི་རྣལ་འབྱོར་བ།།

མདོ་སྔགས་དགོངས་དོན་མ་ལུས་ཐུགས་ཆུད་པ།།

རིག་གནས་ཀུན་ལ་གསལ་བའི་ཤྭཀྱའི་སྲས།།

ལུགས་གཉིས་བླང་དོར་གསལ་བར་མངའ་བ་བོ།།

བྱམས་དང་སྙིང་རྗེ་ལྷན་སྐྱེས་རྒྱུད་དུ་གནས།།

སྟོབས་དང་ཤེས་རབ་མེ་ལྕེ་བཞིན་དུ་འབར།།

གཅིག་ཤེས་ཀུན་གྲོལ་དམ་པར་སྙིང་ནས་གུས།།

སྐྱབས་གནས་བླ་མ་མཆོག་ལ་ཕྱག་འཚལ་ལོ།།

འཛམ་གླིང་ཤར་ནུབ་ཀུན་གྲགས་ཇོ་ནང་བ།།

ཇོ་ནང་དུས་འཁོར་དབང་ཆེན་འཛམ་གླིང་འདིར།།

གྲགས་པའི་བ་དན་ཨ་སྔོན་དགོང་ལ་འཕྱོ།།

དུས་འཁོར་གསུངས་བར་མཁས་པས་བླ་མ་བསྟོད།།

ཤེས་རབ་རལ་གྲི་ལག་ཏུ་དབང་བ་བོ།།

བུ་སློབ་གནམ་མཁའི་སྐར་མ་བཞིན་དུ་བཀྲ།

གདུལ་སྐལ་བུ་བཞིན་སྐྱོང་བའི་བླ་མ་མཆོག།

བསྟན་པའི་མུ་འཛིན་མཆོག་ལ་ཕྱག་འཚལ་ལོ།།

རྒྱལ་ཀུན་གཅིག་འདུས་ཀུན་མཁྱེན་ཇོ་ནང་བ།།

བྱམས་དང་སྙིང་རྗེའི་དགོངས་པ་མཁའ་དང་མཉམ།།

སྐུ་ཚེ་གང་བོར་གཞན་ཕན་ལས་ལ་འབད།།

རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ།།

དབུལ་ཕྱུག་ཁྱད་པར་མེད་པར་ཐུགས་སུ་འཛིན།།

འགྲོ་དྲུག་མ་ལུས་ཐུགས་ཀྱིས་སྐྱོང་མཁན་པོ།།

རང་ལས་གཞན་གཅེས་ཐུབ་པའི་སངས་རྒྱས་མཆོག།

འགྲོ་བའི་མགོན་པོ་ཁྱེད་ལ་ཕྱག་འཚལ་ལོ།།

འགྲོ་འདུག་ཕལ་བའི་འཚོ་བ་སྐུ་ལ་གོམས།།

གཞན་ཕན་ལས་ལ་འབད་པའི་འོད་གསལ་ལྷ།།

དད་ལྡན་ཕ་མ་བཞིན་དུ་བཀུར་བའི་ལྷ།།

རྒྱལ་སྲས་དྭངས་མ་མཆོག་ལ་ཕྱག་འཚལ་ལོ།།

ཆོས་རྗེ་ཡུལ་གྱི་དད་ལྡན་སེམས་ངོགས་སུ།།

སྐྱབས་རྗེ་ཀུན་མཁྱེན་བླ་མ་ཁྱེད་ཉིད་ལས།།

སེམས་ཅན་སྡུག་ལས་འདྲེན་མཁན་མེད་པ་འདྲ།།

ཐུགས་དགོངས་གངས་རིར་འཁོར་བའི་བླ་མར་བསྟོད།།

མ་ཎི་གླུ་རུ་ལེན་པའི་དུས་སྐབས་སུ།།

སྒོ་གསུམ་མདའ་མོ་བསྟན་པའི་ཕྱོགས་སུ་གཏད།།

ནམ་ཀུན་རྒུད་དུ་མེད་པའི་ལྷ་ཡི་ལམ།།

སྤྲུལ་སྐུ་ཀུན་དགའ་དཔལ་ལ་ཕྱག་འཚལ་ལོ།།

ཉི་མ་འཆར་ནུབ་འཇིག་རྟེན་སྲིད་པའི་ཆོས།།

ནང་བའི་བསྟན་པ་ཡར་ངོའི་ཟླ་ལྟར་ཉིད།།

རྒྱལ་བསྟན་འཛིན་པའི་ཆོས་རྗེ་ཀུན་མཁྱེན་མཆོག།

རབས་ནས་རབས་དུ་ཁྲི་ལོ་བརྟན་པར་ཤོག།

                                                            མྱིང་མེད།

上一篇 下一篇

猜你喜欢

热点阅读