མྱ་ངན་གྱི་འབོད་པ།
མྱ་ངན་གྱི་འབོད་པ།
གཅེས་ཕྲུག་མ
དེ་རིང་གི་ཉི་ཟེར་ནི་འུ་ཅག་ཆུང་དུས་ཀྱི་དགོད་སྒྲ་དང་འདྲ་བར་དྲག་མདངས་མཚེར་གྱིན་འདུག
ངས
ཁྱོད་རང་ཐག་རིང་དེ་རུ་འདི་ལྟར་བཞུད་དོན་ཅི་ཡིན་ཞེས
ལས་དབང་ལ་འཁང་ར་བྱེད་བཞིན
མིག་ཆུ་དང་འདྲ་ལ་ཨ་རག་ལའང་མཚུངས་བའི་ཐ་སྙད་འགའི་མགོ་རྐང་སྒྲིག་གིན་་་
ཕ་ཡུལ་གྱི་ནམ་མཁའ་དང་ཆུ་ཕྲན་གྱི་བཞུར་རྒྱུན་ཁྲོད་ན་འུ་གཉིས་ཀྱི་བརྩེ་བ་ལུས་ཡོད
བྱིས་དུས་ཀྱི་རྩེད་ར་དང་བེའུ་ཁྱུའི་རྗེས་ན་འུ་གཉིས་ཀྱི་རྨི་ལམ་ཉར་ཡོད
གཅེས་ཕྲུག་མ
ཁྱོད་བཞུད་ཤུལ་ནས་
གཉེན་མི་ཚོའི་དགོད་སྒྲའི་རྫ་ཆུ་སྐམས
སྤྲོ་དགའི་འདབ་མ་འཐོར
གཅེས་ཕྲུག་མ
ཁྱོད་རང་སྙིང་ཏུ་སྒོམ་པའི་ང་ཚོའི
མ་ཎི་གྲངས་མེད་ཀྱི་ཁྲོད་ནས
ཁྱེད་ལ་སྐྱེལ་མ་དང
གསོལ་འདེབས་དང་སྐབས་འཇུག་གྲངས་མེད་ཀྱི་ཁྲོད་ནས་ཁྱོད་ལ་ངང་སྒུག་བྱས་ཡོད
ཁྱོད་རང་མྱུར་ཏུ་ཕེབས་ཤོག
ངང་སྒུག་གི་སྒོ་འཕར་ཁྱོད་ལ་ཕྱེས་ཡོད
དཔལ་མཚོ་ནས་རང་གི་སྲོག་ལྟར་བརྩེ་བའི་ནུ་མོ་ལ་མཆོད་མེ་རྐང་གཅིག་གི་ཚབ་ཏུ་བྲིས་པ་ལགས།