ཐབས་མཁས་ཐུགས་རྗེ་ཆེན་པོའི་སྤྱོད་
2021-02-24 本文已影响0人
SONAM0
དེ་དག་ལས་སྟོན་པ་ཁོང་གིས་སྐབས་མང་བོ་ཞིག་ཏུ་བསམ་བཞིན་བདེན་ལུགས་གཙོ་བོ་མ་བྱས་པར་གདུལ་བྱའི་མཁས་མོས་དང་བློ་ཚོད། ཕན་ནུས། ཉེར་མཁོ་སོགས་རྩ་བར་བཟུང་ནས་ཆོས་གསུངས་ཡིན་པ་དང་། གདུལ་བྱ་རབ་འབྲིང་ཐ་་གསུམ་ལ་དམིགས་ཏེ། ཆོས་ཀྱི་དགོངས་དོན་ཡང་ཚད་གཞི་མི་འདྲ་བ་སྣ་ཚོགས་ཀྱི་ངོས་ནས་གསུངས་དགོས་པ་ལས། ཡོད་ཚད་ལ་ཆོས་རྣམས་ཀྱི་སྡོད་ལུགས་མཐར་ཐུག་པ་དེ་རྩད་ནས་སྟོན་མི་རིགས་ལ། གལ་སྲིད་བསྟན་པའི་དབང་དུ་བྱས་ན་ཕན་ལས་གྱོང་ཆེ་ཞིང་། སྣོད་རུང་མིན་པ་ལ་དོན་དུ་འགྱུར་མི་བའི་རྣམ་གཞག་མང་བོ་ཞིག་གོ་ཡོང་བ་དེ་རེད། འདི་ལ་རིགས་བསྒྲེ་སྟེ། ཐག་ཉེ་ས་ནས་དཔྱད་པ་ཅུང་ཙམ་བཏང་ན། དེང་སང་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་དམ་པ་གང་མང་ཞིག་གིས་ཀྱང་། བློ་ཁ་དམན་པའི་མང་ཚོགས་ལ་ཆོས་གསུངས་སྐབས་སུ་ཉན་པ་ཙམ་གྱིས་ཚུལ་དང་མི་མཐུན་པ། ལུགས་དང་འགལ་བ། རིགས་པས་དཔྱད་མི་བཟོད་པ་འདྲ་བའི་གསུངས་ཚིག་མང་བོ་ཐོས་རྒྱུ་ཡོད་མོད། དེ་དག་ཀྱང་ཕྱོགས་གཞན་ཞིག་ནས་མང་ཚོགས་ཀྱི་བློ་ཚོད་དང་། གནས་བབ། ཁམས་མོས་བསྟུན་ཏེ་གསུངས་པ་ཡིན་པའི་རྣམ་གཞག་དེར་ང་ཚོས་ཅིས་ཀྱང་ཡིད་འཇོག་གནང་དགོས་པ་འདྲ། གལ་སྲིད་ཚིག་ངོས་ཙམ་ལ་ཤི་འཐམ་རོ་འཐམ་གྱིས་དེ་དག་ཐམས་ཅད་ལོག་བཤད་དང་ཉེས་བཤད་རྐྱང་རྐྱང་དུ་བགྲངས་པའི་དབང་དུ་གཏོང་དགོས་ན། གདུལ་བྱའི་བློ་ཚོད་བསྟུན་ཏེ་ཆོས་གསུངས་དགོས་པའི་ཐབས་མཁས་ཀྱི་སྤྱོད་པ་དེ་ནི། སངས་རྒྱས་རང་སྟེང་ནས་མ་གཏོགས་འཇོག་རྒྱུ་མེད་པ་ཆགས་སོང་བས། དེ་ཡང་རྨོངས་གཉིད་དང་ཕྱོགས་ཞེན་གང་ཞིག་གི་མཐར་ལྷུང་བ་འདྲའོ།། དཔེར་ན་ང་ཚོས་ཚེས་བཟང་དུས་བཟང་ལ་གཟུངས་སྔགས་གཅིག་ཙམ་བསྡུས་པ་ན་ཁྲི་འགྱུར་འབུམ་འགྱུར་གྱི་སྐད་ཆ་བཤད་ཀྱིན་པ་དེ་དག་ཀྱང་ཉམས་རྟོགས་ཀྱི་ཀློང་རྡོོལ་བ་ཞིག་དང་། ནང་དུ་རང་བཞིན་གྱིས་ཆོས་ཀྱི་བག་ཆགས་མཐུག་པོ་ཡོད་མཁན་དག་ལ་མཚོན་ན་ཕྱི་ནང་གི་བདག་རྐྱེན་སྣ་ཚོགས་ཉེ་བར་ཚོགས་སྟོབས་ཀྱིས་དེ་འདྲའི་དགེ་རྩ་རླབས་ཆེན་པོ་ཞིག་འབྱུང་ངེས་པ་ཡང་ཏག་ཏག་བདེན་དུ་ཆུགས་ཀྱང་། ཕྱོགས་གཞན་ཞིག་ནས་གདུལ་བྱ་ལེ་ལོ་ཅན་དང་དོན་གཉེར་ཆུང་བ་དག་ཁ་དྲངས་པའི་ཕྱིར་དུ་གསུངས་པའི་སྐད་ཆ་དེ་ཡང་བཤད་མི་ཆོག་པ་ཞིག་གཏན་ནས་མིན་ལ། དེ་འདྲའི་བཤད་སྲོལ་ཀྱང་ཡོད་ཡོད་པ་རེད། འགྲེལ་ཡང་འགྲོ་བདེའོ།། དེ་འདྲ་ཕྱོགས་མང་བོ་ཞིག་གི་སྟེང་ནས་ཤེས་ཚད་དམན་པའི་མང་ཚོགས་ཀྱི་ངོར་བཤད་རྒྱུའི་སྐད་ཆ་ཞིག་དང་། བདེན་ལུགས་ཇི་ལྟ་བ་བཞིན་དུ་བཤད་དགོས་པའི་གནས་སྐབས་མི་འདྲ་བ་མང་བོ་ཞིག་ཡོད་པ་མངོན་སུམ་ཚད་གྲུབ་རང་ཡིན་པས། ནམ་རྒྱུན་ང་ཚོས་བླ་ཆེན་ཁག་གི་ཚིག་ཟིན་གྱི་བརྗོད་སྟངས་མ་མཐུན་པ་ཙམ་ལ་འཐེན་འཁྱེར་ཤུགས་ཆེན་པོ་བྱས་ཏེ། གནས་ལུགས་དང་འགལ་མདོག་གིས་རྩོད་གླེང་མང་བོ་བྱེད་རྒྱུར་དགའ་བ་དེ་ཡང་། ཆོས་གསུངས་པ་ན། གདུལ་བྱའི་ཁམས་མོས་སམ་བློ་ཚོད་དང་བསྟུན་དགོས་པའི་ཐབས་མཁས་ཀྱི་སྤྱོད་ཚུལ་མ་འདྲ་བ་མང་དག་ཡོད་པ་དེར་རྒྱུལ་ལོན་ཆུང་བའི་མངོན་རྟགས་ཞིག་ཡིན་ཡིན་འདྲ་བས། ནང་ཆོས་ནས་བཤད་པའི་དྲང་དོན་ངེས་དོན་གྱི་དཔྱད་ཚུལ་ཁྱད་པར་བ་དེ་ཡང་། གཞུང་ལུགས་ལ་དཔྱད་ཐབས་རྐྱང་ཙམ་དུ་མ་སོང་བར་ཟུར་ངོས་མང་བོ་ཞིག་ལ་འཁྱེར་ཐུབ་རྒྱུ་ནི། ཇི་འདྲའི་གནད་ཆེ་ལ་སྙན་དུ་དྲན་ཡོང་ངོ་།།