བོད་ཀྱི་སོ་ནམ་ལོ་གསར་བཟང་།

2018-01-17  本文已影响0人  xiegangjie

སོ་ནམ་པ།

✍️བཞད་གངས་སྐྱེས།

བོད་ཀྱི་སོ་ནམ་ལོ་གསར་བཟང་།

ང་ནི་སོ་ནམ་པའི་བུ་ཞིག་ཡིནོ།

སོ་ནམ་པ་ནི་ངའི་ཡབ་ཡུམ་དང་ངའི་མེས་པོའོ།

སོ་ནམ་པ་ནི་ཚེ་གཅིག་ལུས་གཅིག་ལ་སོ་ནམ་གྱི་ལས་ལ་ཞུགས་མཁན་དེའོ།

སོ་ནམ་པ་ནི་སྒོ་ཞིང་གྲུ་བཞིར་བདག་སྐྱོང་གནང་མཁན་དེའོ།

སོ་ནམ་པ་ནི་བུ་དང་བུ་མོར་ལམ་བཟང་སྟོན་མཁན་དེའོ།

སོ་ནམ་པ་ནི་དམངས་གླུ་སྙན་མོ་ངག་ནས་རྩོམ་མཁན་དེའོ།

སོ་ནམ་པ་ནི་དུས་ཀྱི་རི་མོ་སེམས་ནས་འབྲི་མཁན་དེའོ།

སོ་ནམ་པ་ནི་ལོ་ཟླའི་ཆར་རླུང་གདོང་གིས་བསུ་མཁན་དེའོ།

སོ་ནམ་པ་ནི་འབྲུ་དྲུག་གི་ས་བོན་ལ་རྨི་ལམ་གྱི་གཤོག་ཟུང་བསྒར་མཁན་དེའོ།

སོ་ནམ་པ་ནི་གསེར་མདོག་གི་ལོ་ལེགས་བསྡུ་མཁན་དེའོ།

སོ་ནམ་པ་ནི་ལོ་གསར་གྱི་དགའ་སྟོན་ལ་རོལ་མཁན་དེའོ།

ང་ནི་སོ་ནམ་པའི་བུ་ཞིག་ཡིནོ།

སོ་ནམ་པ་ནི་ངའི་ཡབ་ཡུམ་ཉི་ཟླ་ཟུང་དང་།

ངའི་རུས་རྐང་གི་ཆུ་འགོ་སྟེ་མེས་པོ་དམ་པའོ།

ངས་སོ་ནམ་པའི་བཞིན་ལ་གསེར་གྱི་སྙེ་མ་བཞད་པའི་སྨོན་ལམ་འདེབས།

ངས་སོ་ནམ་པའི་སེམས་ཁོང་ལ་ཆར་ཆུ་དུས་སུ་འབབ་པའི་སྨོན་ལམ་འདེབས།

ངས་སོ་ནམ་པའི་གསེར་མདོག་གི་ཞིང་ཐང་དགུན་གྱི་རླུང་བུས་མི་འཁྱེར་བའི་སྨོན་ལམ་འདེབས།

སོ་ནམ་པའི་ལོ་གསར་ལ་རྟེན་འབྲེལ་ཞུ།

བཀྲ་ཤིས་ཀྱི་ནམ་མཁའ་གང་བ་ཤོག

བདེ་སྐྱིད་ཀྱི་མཚོ་མོ་འཁྱིལ་བ་ཤོག

            ༢༠༡༨.༡.༡༥ཉིན་དབུས་ལྷ་ལྡན་གྲོང་ནས་བྲིས།

上一篇下一篇

猜你喜欢

热点阅读