མཁན་ཆེན་༧ཐུབ་བསྟན་ཆོས་ཀྱི་གྲགས་པ

2017-05-24  本文已影响0人  慧让布
མཁན་ཆེན་༧ཐུབ་བསྟན་ཆོས་ཀྱི་གྲགས་པའི་མཛད་རྣམ་རྗེས་དྲན་དད་པས་རྒྱང་འབོད།

༄༅།།   མཁན་ཆེན་༧ཐུབ་བསྟན་ཆོས་ཀྱི་གྲགས་པའི་མཛད་རྣམ་རྗེས་དྲན་དད་པས་རྒྱང་འབོད།

༼༡  ཐུབ༵་བསྟན༵་མཛེས་པའི་སྐྱབས་གཅིག་མཚུངས་མེད་རྗེ། །

ཆོས༵་ཀྱི༵་མཛོད་འཛིན་མཁས་གྲུབ་བྱེ་བའི་མགོན། །

གྲགས༵་པ༵་དོན་ལྡན་ལུང་རྟོགས་བསྟན་པའི་བདག །

རིས་མེད་བསྟན་འགྲོ་ཀུན་གྱི་མགོན་པོ་དྲན༵། །

༼༢  བསྐལ་བ་དུ་མར་སྔོན་ནས་སངས་རྒྱས་ཀྱང་། །

བསྟན་དང་འགྲོ་བའི་དོན་ལ་ཐུགས་བསྐྱེད་དེ། །

གདུལ་བྱའི་སྣང་ངོར་རོལ་གར་སྣ་ཚོགས་ཀྱིས། །

རིམ་བྱོན་བསྟན་འགྲོའི་དོན་མཛད་བླ༵་མ༵་དྲན༵། །

༼༣  བྱིས་པའི་རྩེད་འཇོ་རོལ་སྐབས་བཀའ་པོད་ཀྱི། །

མཚན་རྣམས་མ་འདྲེས་སོ་སོར་ཞལ་ནས་གསུངས། །

དབུ་ཕར་མཚན་ཙམ་ཐོས་སྐབས་སྤྱན་ཆབ་བྱུང་། །

རིགས་སད་ཚད་མའི་སྐྱེས་མཆོག་བླ༵་མ༵་དྲན༵། །

༼༤  ཐོག་མར་ཐོས་བསམ་སྒོམ་ལ་ལྷུར་བླངས་ནས། །

བར་དུ་འཆད་རྩོད་རྩོམ་ལ་མངའ་བརྙེས་ཤིང་། །

ཐ་མར་བཤད་སྒྲུབ་ལས་ལ་འགྲན་བྲལ་བ། །

མཁས་པའི་ཆེ་བ་དགུ་ལྡན་བླ་༵མ༵་དྲན༵། །

༼༥  ཕྱི་ལྟར་གནས་བསྟན་བཅུ་དྲུག་ངང་ཚུལ་བཞིན། །

ནང་ལྟར་སེམས་དཔའ་བརྒྱད་ཀྱི་དགོངས་ཀློང་ལྟར། །

གསང་བ་རིག་འཛིན་བརྒྱད་ཀྱི་བསྐྱེད་རྫོགས་མཉམ། །

སོར་བྱང་སྔགས་གསུམ་གཅིག་འདྲེས་བླ༵་མ༵་དྲན༵། །

༼༦  ངུར་སྨྲིག་ཆོས་གོས་གསུམ་གྱིས་སྐུ་བརྒྱན་པ། །

གཞུང་ལུགས་སྡེ་སྣོད་གསུམ་གྱིས་གསུང་བརྒྱན་པ། །

རིན་ཆེན་བསླབ་པ་གསུམ་གྱིས་ཐུགས་བརྒྱན་པ། །

བླ་མའི་སྐུ་གསུམ་ཡོན་ཏན་ཡང༵་ཡང༵་དྲན༵། །

༼༧  སྒྲུབ་བརྒྱུད་གྲུབ་མཐའ་ཀུན་ལ་རིས་སུ་མེད། །

གཞུང་ལུགས་རབ་འབྱམས་མ་ལུས་གདམས་པར་ཤར། །

བསྟན་འཛིན་མཐོ་དམན་ཡོངས་ལ་དག་སྣང་མཛད། །

ཕ་གཅིག་བླ་མའི་མཛད་འཕྲིན་སྙིང༵་ནས༵་དྲན༵། །

༼༨ དམུ་རྒོད་ཆོས་ལ་བཀོད་པའི་ཐབས་མཁས་ལ། །

དད་ལྡན་སློབ་མ་སྐྱོངས་ལ་མངའ་བརྙེས་པ། །

ཉེ་རིང་མེད་པར་ཀུན་ལ་བུ་ལྟར་བརྩེ། །

ཟབ་རྒྱས་ཆོས་འཁོར་གསུངས་བ་ལྷག༵་པར༵་དྲན༵། །

༼༩   དུས་ངན་སྙིགས་མར་དམ་ཆོས་སྒྲུབ་པ་ལ། །

ཕྱི་ནང་གསང་བའི་འགལ་རྐྱེན་སྣ་ཚོགས་ཀྱིས། །

ཕྲག་དོག་རྡུང་རྡེག་ཇི་ལྟར་བྱས་ན་ཡང་། །

དགེ་སྦྱོང་ཆོས་ལས་མ་འདས་བླ༵་མ༵་དྲན༵། །

༼༡༠  ཉིན་ལྟར་ཆག་མེད་ཕྱག་སྟོང་འཚལ་བ་ཡིས། །

ཤིང་ལེབ་དུ་མ་ཟད་ནས་ཐོག་ཞབས་ཕུག །

ཐུན་བཞི་དང་ནི་ཆོས་ཁྲིད་སྐུ་ཚེ་གང་། །

ཉིན་ལྟར་ཆག་མེད་མཛད་པའི་བླ༵་མ༵་དྲན༵། །

༼༡༡  ཚོགས་འཁོར་ཆུ་མཆོད་མར་མེ་མཎྜལ་སོགས། །

མི་ཟད་ནམ་མཁའ་མཛོད་ལ་དབང་བ་བཞིན། །

ཡར་མཆོད་དཀོན་མཆོག་ཞིང་དུ་མཆོད་སྤྲིན་གྱིས། །

ཚོགས་གཉིས་རྒྱ་ཆེན་མཛད་པའི་བླ༵་མ༵་དྲན༵། །

༼༡༢  མགོན་མེད་ཉམས་ཆུང་ཀུན་ལ་མ་བཞིན་དུ། །

ཟས་གོས་གནས་མལ་གང་དགོས་ཅི་བདེར་སྦྱིན། །

དབུལ་ཡང་སློང་བ་མི་སྤོང་རྒྱལ་སྲས་བཞིན། །

ཀུན་ལ་ཡོད་ཚད་གནང་བའི་བླ༵་མ༵་དྲན༵། །

༼༡༣  ལས་དང་སྨོན་ལམ་འཛོམས་པའི་སློབ་བུ་ལ། །          སོར་བྱང་སྔགས་ཀྱི་སྡོམ་པ་ཀུན་གནང་ནས། །

གང་ལ་གང་འདུལ་དེ་སྟོན་མན་ངག་གིས། །

གདུལ་བྱ་སྨིན་གྲོལ་ལམ་འགོད་བླ༵་མ༵་དྲན༵། །

༼༡༤  ལྷག་པའི་ལྷ་མཆོག་རྗེ་བཙུན་སྒྲོལ་མ་ཡིས། །

རྒྱུན་པར་ཞལ་གཟིགས་ལུང་བསྟན་དངོས་གྲུབ་ཐོབ། །

རྒྱུད་སྡེ་བཞི་དྲུག་ཡི་དམ་ལྷ་ཚོགས་ཀུན། །

མི་འབྲལ་རྟག་པར་འགྲོགས་མཛད་བླ༵་མ༵་དྲན༵། །

༼༡༥  ས་དགེ་བཀའ་རྙིང་རིས་སུ་མ་ཆད་པའི། །

ཕྱོགས་རྣམས་ཀུན་གྱི་སློབ་མ་མང་བསྐྱངས་ནས། །

གངས་རིའི་ལྗོངས་སུ་བཤད་སྒྲུབ་བསྟན་པ་སྤེལ། །

རྒྱལ་བ་གཉིས་པ་ལྟ་བུའི་བླ༵་མ༵་དྲན༵། །

༼༡༦  མཁྱེན་རབ་འཇམ་དཔལ་དབྱངས་ལྟར་ཆོས་ཀུན་མཁྱེན། །

བརྩེ་བ་སྤྱན་རས་གཟིགས་ལྟར་འགྲོ་ཀུན་བརྩེ། །

ནུས་མཐུ་གསང་བའི་བདག་ལྟར་བདུད་བགེགས་འཇོམས། །

རིགས་གསུམ་ཀུན་འདུས་ས་གསུམ་བླ༵་མ༵་དྲན༵། །

༼༡༧  ཚེ་འདིར་དགེ་སེམས་གཅིག་ཙམ་སྐྱེས་པ་དང་། །

ཆོས་པའི་གཟུགས་ཙམ་འཛིན་པ་ཚུན་ཆོད་སོགས། །

སྐྱབས་རྗེ་བླ་མ་ཁྱེད་ཀྱི་དྲིན་ཡིན་པ། །

ནམ་ཡང་བརྗེད་མེད་སྙིང་ནས་ཡང༵་ཡང༵་དྲན༵། །

༼༡༨  ཚེ་འདིར་རང་གི་དད་པས་མ་འཆུག་ན། །

སངས་རྒྱས་དངོས་འདྲའི་མཚན་ལྡན་བླ་མ་མཇལ། །

རྟག་ཏུ་བློ་རྩེ་གཏད་ས་ཁྱེད་ལས་མེད། །

སྐྱིད་སྡུག་ཅི་བྱུང་བླ་མ་སྙི༵ང་ནས༵་དྲན༵། །

༼༡༩  སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ། །

འབྲལ་མེད་ཁྱེད་ཀྱིས་རྗེས་བཟུང་བྱིན་རླབས་སྩོལ། །

བསྟན་དང་འགྲོ་བའི་དོན་ཆེན་འགྲུབ་པར་ཤོག །

བཀའ་དྲིན་མཚུངས་བྲལ་རིགས་བདག་སྙིང༵་ནས༵་དྲན༵། །

༼༢༠  རྒྱལ་དང་རྒྱལ་སྲས་ཀུན་གྱི་རྒྱལ་ཚབ་རྗེ། །

བསྟན་དང་འགྲོ་བ་ཀུན་གྱི་མགོན་པོ་ཁྱེད། །

མཁས་དང་གྲུབ་བརྙེས་ཀུན་གྱི་གཙུག་རྒྱན་མཆོག །

འདི་དང་ཕྱི་མ་ཀུན་གྱི་སྐྱབས༵་གནས༵་དྲན༵། །

༼༢༡  མདོར་ན་རྒྱལ་བ་ཀུན་འདུས་བླ༵་མ༵་ཡིན༵། །

རྒྱལ་བའི་གསུང་རབ་མཛོད་འཛིན་བླ༵་མ༵་ཡིན༵། །

རྒྱལ་སྲས་མ་ལུས་འབྱུང་ཁུངས་བླ༵་མ༵་ཡི༵ན། །

མཆོག་གསུམ་ཀུན་འདུས་བླ༵་མ༵་ཁྱེད༵་དྲན༵་ནོ༵། །

དགེ་འོ།  དགེ་འོ།  དགེ་འོ།  སྐྱབས་རྗེ་དམ་པ་ཉིད་ཀྱི་ཡིད་དམ་རྒྱལ་ཡུམ་སྒྲོལ་མ་ཉེར་གཅིག་གི་གྲངས་ལྟར་ཚིགས་སུ་བཅད་པ་ཉེར་གཅིག་འདི་རྗེ་གང་གི་སློབ་འབངས་ཡོངས་ཀྱི་ཐ་ཤལ་བ་དར་མདོའི་རྡོ་རྗེ་བྲག་དགོན་གྱི་གྲྭ་པདྨ་མཆོག་གྲུབ་ནས་བྲིས་པའོ།།

上一篇 下一篇

猜你喜欢

热点阅读