༼ཟླ་བའི་ངུ་ཤོམ༽
2017-07-30 本文已影响0人
Longgyal
༼ཟླ་བའི་ངུ་ཤོམ༽
ཟླ་བའི་ངུ་ཤོམ།
དགུན་གྱི་མེ་ཏོག་དེ་མ་རྒས་གོང་།།
ལྷགས་ཀའི་ལོ་མ་དེ་མ་ལྷུང་གོང་།།
འཁྱགས་སྡོང་ཡལ་ག་དེ་མ་གྱེས་གོང་།།
དཔྱིད་ཀྱི་རླུང་བུ་དེ་དགོད་འདུག་གདའ།།
སོར་མོས་རི་མོ་དེ་མ་བྲིས་གོང་།།
ཡིག་འབྲུ་ནག་པོ་དེ་མ་བྱུང་གོང་།།
ཤོག་དཀར་ཚོན་མདོག་དེ་མ་འགྱུར་གོང་།།
སྙན་ངག་བུ་མོ་དེ་དགོད་འདུག་གདའ།།
ནམ་གྱི་སྐྱ་རེངས་དེ་མ་ཡོང་གོང་།།
སྐར་མའི་འཛུམ་བག་དེ་མ་ངོམ་གོང་།།
ཟླ་བའི་རི་བོང་དེ་མ་རྒྱུགས་གོང་།།
ནམ་མཁའི་ལྷ་མོ་དེ་དགོད་འདུག་གདའ།།
བྱིས་པའི་མ་སོ་དེ་མ་སྐྱེས་གོང་།།
གཞོན་པས་གླུ་ངག་དེ་མ་དབྱངས་གོང་།།
བུ་མོས་བརླ་ཤ་དེ་མ་མངོན་གོང་།།
རྒས་པོའི་གཉེར་རིས་དེ་བྲིས་ཤག་གདའ།།
གོམ་པ་དང་པོ་དེ་མ་སྤོས་གོང་།།
ལམ་གྱི་སྣེ་མོ་དེ་མ་ཟིན་གོང་།།
ལྷ་སའི་ཕོ་བྲང་དེ་མ་མཐོང་གོང་།།
ཇོ་བོའི་མིག་ཆུ་དེ་རིག་འདུག་གདའ།།
____དུར་བྱ༼ཟླ་བའི་ངུ་ཤོམ༽