ཀ་རྩོམ་དད་པའི་རང་སྒྲ།

2017-05-24  本文已影响0人  慧让布
ཀ་རྩོམ་དད་པའི་རང་སྒྲ།

༄༅།།   ཀ་རྩོམ་དད་པའི་རང་སྒྲ།

ཀ༵་དག་ལྷུན་འགྲུབ་ཟུང་འཇུག་རོ་མཉམ་རྣལ་འབྱོར་རྗེ།།

ཁ༵་ཙམ་མིན་པའི་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན།།

ག༵་ས་གང་དུ་མཚན་གྱི་སྙན་པ་འབྲུག་ལྟར་གྲགས།།

ང༵་བདག་འཛིན་བྲལ་མཁན༵་ཆེན༵་ཆོས༵་ཀྱི༵་གྲགས༵་པ༵་རྒྱལ།།

ཅ༵་ཅོ་གཞན་གྱི་རྗེས་བརྗོད་མ་ཡིན་མཁྱེན་རབ་ཀྱིས།།

ཆ༵་ཤས་ཙམ་ཡང་འཁྲུལ་མེད་རང་ལུགས་གཙང་མ་བསྐྱངས།།

ཇ༵་ཡུན་ཙམ་ཡང་གཡེང་མེད་བསྟན་དང་འགྲོ་བའི་དོན།།

ཉ༵་རྒྱས་ཟླ་བཞིན་འཛིན་མཛད་ཐུབ༵་བསྟན༵་ཆོས༵་ཀྱི༵་གྲགས༵།།

ཏཱ༵་རེ་ལྷ་མོས་ཞལ་གཟིགས་ལུང་བསྟན་དངོས་གྲུབ་ཐོབ།།

ཐ༵་མལ་རྣམ་རྟོག་ཀུན་ཟད་གདོད་མའི་མགོན་དང་མཉམ།།

ད༵་ལྟར་བསྟན་འགྲོའི་དོན་ཀུན་འབད་མེད་ལྷུན་གྲུབ་ནས།།

ན༵་རོ་པཎ་ཆེན་ཇི་བཞིན་ཆོས༵་ཀྱི༵་གྲགས༵་པ༵ར་འདུད།།

པ༵་གོར་བཱེ་རོ་ཙ་ན་ལྟ་བུས་མདོ་རྒྱུད་ཀུན།།

ཕ༵་རྗེས་བུས་བཟུང་མ་ལུས་ཐུགས་ལ་ལྷག་མེད་མཁྱེན།།

བ༵་གླང་སྤྱོད་སོགས་སྲིད་གསུམ་འགྲོ་བ་སེམས་ཅན་ཀུན།།

མ༵་ཡིས་བུ་ལ་བརྩེ་ལྟར་མཁན༵་ཆེན༵་ཆོས༵་ཀྱི༵་གྲགས༵།།

ཙ༵་རི་མཇལ་བསྐོར་སོང་ལྟར་བསྟན་དང་འགྲོ་བའི་དོན།།

ཚ༵་གྲང་དཀའ་སྤྱོད་ཇི་བྱུང་མ་ལུས་ཁྱད་དུ་བསད།།

ཛ༵་དྲག་འདྲེ་གདོན་མི་དང་མི་མིན་ཀུན་བཏུལ་ཏེ།།

ཝ༵་ལེར་ཆོས་ཀུན་རྟོགས་པའི་ཀུན༵་མཁྱེན༵་ཆོས༵་ཀྱི༵་གྲགས༵།།

ཞ༵་ལུ་ལོ་ཆེན་བཞིན་དུ་ཤཱཀྱའི་བསྟན་པ་ལ།།

ཟ༵་མ་ཏོག་སོགས་བརྩམས་ལྟར་སྒྲོལ་མ་ཡུམ་ཀ་སོགས།།

འ༵་འུར་སྙན་གྲགས་སྤངས་ནས་མདོ་རྒྱུད་དགོངས་འགྲེལ་མཛད།།

ཡ༵་མཚན་རྨད་བྱུང་གྲུབ་བརྙེས་པཎ༵་ཆེན༵་ཆོས༵་ཀྱི༵་གྲགས༵།།

ར༵་བ་ཁམས་གསུམ་འཁོར་བར་ཆུད་པའི་སེམས་ཅན་ཀུན།།

ལ༵་ལུང་འཁོར་བའི་རྒྱ་མཚོ་རྒལ་བར་དཀའ་མོད་ཀྱང་།།

ཤ༵་ཟ་བདུད་རིགས་ཡིན་ཡང་མ་ལྟར་བརྩེ་བ་ཡིས།།

ས༵་ལམ་རིམ་བཀོད་དེད༵་དཔོན༵་ཐུབ༵་བསྟན༵་ཆོས༵་ཀྱི༵་གྲགས༵།།

ཧ༵་ཅང་མྱུར་བའི་ལམ་མཆོག་འོད་གསལ་རྫོགས་ཆེན་གྱི།།

ཨ༵་ཏི་རྣལ་འབྱོར་མཆོག་གྱུར་སྲིད༵་པ༵་གསུམ༵་ན་རྒྱལ༵།།

ཧ༵་ཅང་བཀའ་དྲིན་ཆེ་བའི་ཕ་གཅིག་བླ་མ་ལ།།

ཨ༵་ལུ་ང་ཡིས་རྟག་ཏུ་གུས་པས་གསོལ་བ་འདེབས།།   །།

ཞེས་པ་འདིའང་མཁན་ཆེན་དམ་པའི་ཞབས་ཀྱི་པད་མོ་སྤྱི་བོར་ལེན་པའི་རྡོར་བྲག་དགོན་གྱི་གྲྭ་པདྨ་མཆོག་གྲུབ་ཀྱིས་བྲིས་པའི་དགེ་རྩས་འགྲོ་ཀུན་བདེ་ཆེན་ཞིང་དུ་སྐྱེ་བའི་རྒྱུར་གྱུར་ཅིག།  དགེའོ།   དགེའོ།   དགེའོ།    སརྦ་མངྒལཾ།

 

 

 

 

 

 

 

 

上一篇 下一篇

猜你喜欢

热点阅读