མལ་ལས་བྱོན།།
འགྱུར་ཁུག།
༄༅།། དབྱངས་ཅན་མ་ཡི་གསུངས་ཀྱི་དུང་སྒྲ་ཞིག་ཐོས་དུས།།
ངའི་རྨི་ལམ་གྱི་ཞིང་ཁམས་ལ།།
འོད་སྟོང་འབར་བའི་གཟི་བརྗིད་ཀྱི་རླབས་ཕྲེང་ཞིག་རང་དབང་མེད་པར་ཐོབ།།
རྨིས་ཟིན་པའི་རྨི་ལམ་ལ་དྲན་གསོའི་ཁོམ་པ་ཡང་མེད་པར་སྙིང་སྟོབས་ཀྱི་ཕྲེང་བའི་དར་ཁ་གྲོལ།།
རེ་ཞིག
འདས་ཟིན་པའི་འཚོ་བ།།
བསྐྱོད་ཟིན་པའི་དུས་ཁོམས།།
ལྷུང་ཟིན་པའི་མཆི་མ།།
འབོར་གྱུར་བའི་ལོ་རྒྱུས་དག་མིག་ལམ་དུ་དེ་ཁར་འཆར།།
ཀྱེ་མ་ཀྱེ་ཧུད།།
མཚར་སྡུག་འོད་སྟོང་འབར་བའི་གཞོན་ནུ་ཡི་རྟོགས་བརྗོད་དེ་སྟོན་ཁའི་ལོ་འདབ་ཇི་བཞིན་སེར་པོར་འགྱུར།།
ལྷན་ཅིག་ཏུ་འཇིག་རྟེན་མི་རྟག་འཆི་བའི་འབོད་སྒྲ་ཡང་མ་སླེབས་སམ་སྙམ།།
དེ་མ་ཐག
དལ་འགྲོ་ཤང་ཤང་གི་སྒྲ་ཡང་གྲགས།།
ལུག་ཕྲུག་མ་མོ་འཚོལ་བའི་སྒྲ་ཡང་ལེགས།།
ཆུང་འདྲིས་ལག་གདངས་འབྲེལ་བའི་འབོད་སྐད་ཡང་བཟང་། སྐུལ་མའི་གསུངས་ཀྱི་ངའི་ལག་ནས་དམ་པོར་བཟུང་དེ་མལ་ལས་ལོང་བར་གནང་དང་།།
ཤང་ཤང་གི་ཆུ་འགྲམ།།
བསིལ་བསིལ་གྱི་རླུང་སྒྲ།།
མཛེས་མཛེས་ཀྱི་མེ་ཏོག།
དཀར་དཀར་གྱི་སྤྲིན་པ།།
སྔོན་སྔོན་གྱི་ནམ་མཁའ།།
ངའི་བདེ་སྐྱིད་འཇོ་སའི་ས་ལའི་ཡུལ་དེར།།
ང་ཡང་ཁྱེད་དང་ལྷན་ཅིག་ཏུ་ངའི་ལག་པ་ནས་བཟུང་དེ་མི་ཡུལ་གྱི་ལོངས་སྤྱོད་ཞིག་གནང་དང་།།
སམ་ཡུལ་ཐུབ་བསྟན་ཚེ་རིང་ནས།།
༢༠༡༨་༡་༡༣ ཉིན།།
མལ་ལས་བྱོན།།