࿐གནས་མཆོག་ཇོ་བོ་གཟེ་རྒྱལ་གྱི་ངོ་

2019-04-06  本文已影响0人  格旺
࿐གནས་མཆོག་ཇོ་བོ་གཟེ་རྒྱལ་གྱི་ངོ་སྤྲོད་མདོར་བསྡུས།

  མདོ་ཁམས་གནས་ཆེན་ཉེར་ལྔ་ལས་སྐུའི་གནས་ཐམས་ཅད་འདུས་པའི་གནས་མཆོག་ཇོ་བོ་གཟེ་རྒྱལ་ལམ། ཡོན་ཏན་ཙ་རི་མ་ཡོ་གངས་ར་ཞེས་སུ་གྲགས་པ་ནི། མདོ་ཁམས་ནང་ཆེན་གྱི་མངའ་ཁུལ། ད་ལྟའི་སྲིད་འཛིན་ས་ཁོངས་ནང་ཆེན་རྫོང་ལྕི་ཆུ་ཡུལ་ཚོ་གཟེ་གཞུང་ལུང་པའི་སྟོད་དུ་ཡོད་ཅིང་།

ཕྱི་ལྟར་ན། དབུ་རྩེ་སྤྲིན་དཀར་གྱི་ཀློང་དུ་རེག་པའི་གངས་རི་མཐོ་བརྗིད་འོད་དུ་འཚེར་བ་ལ། ཟོ་དོར་རི་རྒྱལ་མང་པོས་མཐའ་ནས་བསྐོར་ཞིང་། མཚོ་དང་མཚེའུ་ཤིན་ཏུ་མང་པོ་མཆོད་ཡོན་ལྟར་བཤམས་པ། ས་གནས་གཞན་ལ་མེད་པའི་རང་བྱུང་སྨན་རྩྭ་འགངས་ཆེན་མང་པོས་ཁོར་ཡུག་གཏམས་པ། ཡིད་དུ་འོང་བའི་སྤང་ལྗོངས་དང་། རྔམ་བརྗིད་ཀྱི་རྫ་བྲག་དུ་མའི་ཁོར་ཡུག་གིས་མིག་ལ་བདུད་རྩི་ཉིད་དུ་བྱེད་པའོ། །

ནང་ལྟར་ན། དཔལ་ཆེན་འཁོར་ལོ་སྡོམ་པ་སོགས་རྩ་གསུམ་རབ་འབྱམས་ཀྱི་ལྷ་ཚོགས་ཏིལ་གྱི་གོང་བུ་ལྟར་བཞུགས་པར་གསུངས་ཏེ། དེ་ཡང་། སློབ་དཔོན་པདྨ་འབྱུང་གནས་ཀྱི་གཏེར་ལུང་ལས། མ་བཀོད་ཞིང་ཁམས་རང་བྱུང་མཆོད་རྟེན་ལ།འཇའ་གུར་རིག་འཛིན་གྲུབ་ཐོབ་བརྒྱད་ཅུ་བཞུགས།ཕྱི་རིམ་མ་དང་མཁའ་འགྲོ་སྤྲིན་ལྟར་འཁྲིགས།བར་ཁྱམས་བཀའ་བརྒྱུད་བླ་མ་ཟེར་ལྟར་འཁྲིགས།ཏོག་ལ་རྒྱུད་སྡེ་རྣམ་བཞིའི་དཀྱིལ་འཁོར་ཚང་།ཉི་ཟླ་གསང་སྔགས་ལྷ་ཚོགས་ཁྲོམ་ལྟར་སྤུངས།གཉྫི་ར་ལ་རྡོར་འཆང་སངས་རྒྱས་སྟོང་།གདུགས་ལ་སྣང་སྲིད་ཁྲོ་བཅུ་འཇའ་ལྟར་ཤར།ཆོས་འཁོར་ཞི་ཁྲོའི་དཀྱིལ་འཁོར་གསལ་སྣང་དག།རྟ་བབས་བདེ་གཤེགས་དཀྱིལ་འཁོར་ཡོངས་རྫོགས་རྒྱས།བུམ་པར་སྣང་མཐའ་བདེ་ཆེན་ཞིང་ཁམས་བཞུགས།བྲེ་ལ་ཞིང་སྐྱོང་ཌཱཀྐི་མ་ལུས་ཚང་།སྟེང་གི་བང་རིམ་མཁའ་འགྲོའི་ཕོ་བྲང་གསལ།འོག་གི་བང་རིམ་དཔལ་མགོན་བདུན་ཅུ་ཚང་།སེང་ཁྲི་ནོར་བདག་ཛམ་ལྷ་མ་ལུས་ཚང་།ལོགས་བཞིར་གདོང་ཅན་མཁའ་འགྲོ་བཀའ་བསྟན་སྐྱོང་།ཕྱོགས་བཞིར་རྒྱལ་ཆེན་སྡེ་བཞི་སྒོ་སྲུང་ཚུལ།མཚམས་བཞིར་ལས་མཁན་ཕོ་ཉ་གློག་ལྟར་འཁྱུག།ཟུར་བཞིར་བམ་རོ་སྐྱེ་བདུན་དུར་ཁྲོད་ཚང་།པད་འདབ་ཀླུ་གཉེན་ས་བདག་མཆོད་བསྟོད་འབུལ།དེ་ལྟར་མ་བསྒོམས་དཀྱིལ་འཁོར་རང་བྱུང་འདི།ཞེས་སོགས་གསུངས་ཤིང་། ཨོ་རྒྱན་ལམ་ཡིག་གསལ་བའི་སྒྲོན་མེ་ལས། མ་བཞེངས་ལྷུན་གྱིས་གྲུབ་པའི་རྩ་གསུམ་འཁོར་ལོ་ལྔའི་ཕོ་བྲང་། ཞེས་དང་། འཛམ་གླིང་གཡས་བཞག་ཏུ་གྲགས་པ་ཇོ་བོ་གཟེ་རྒྱལ་དོམ་གདོང་མ་མཐིང་ནག་ཡོན་ཏན་གྱི་གནས་ཞེས་གསུངས་སོ། །

上一篇 下一篇

猜你喜欢

热点阅读